རྒྱུགས་དང་ཚེ་སྲོག

    རྩོམ་པ་པོ། པིར་རྒྱུད་འཇིགས་མེད།


རྒྱུགས་དང་ཚེ་སྲོག 

             པིར་རྒྱུད་འཇིགས་མེད། 

        བསམ་འགྲུབ་ཀྱིས་གློག་ཀླད་ལ་ཅེར་ཅེར་པའི་མཐར་ཆེས་མཐོང་ན་མི་འདོད་པའི་ཨང་གྲགས་ཤིག་གིས་རང་གི་རྒྱུགས་འཕྲོད་མེད་པ་གསལ་བར་བྱས། དེ་དང་མཉམ་དུ་ཐོད་པ་ལ་བདུད་ཞིག་བརྒྱབས་ནས་ཨམ་ཚུགས་བསྡམ་བཞིན་ཁུ་ཚུར་གྱིས་མདུན་ཅོག་སྟེང་དུ་ཁྲོབ་སེ་རྡུང་བ་ན་གམ་གྱི་ཕོར་ནང་གི་ཇ་ཡང་མདུན་ཅོག་ངོས་སུ་ཕོ། ཇ་དེ་དལ་གྱིས་མཐིལ་ཤིང་ངོས་སུ་ཐིགས་པ་ན་ཆུ་ཐིགས་དེ་ཁོའི་སེམས་སུ་ལྷུང་བ་དང་འདྲ་བའི་གྲར་ངར་གྱི་ཚོར་སྣང་ཞིག་ལྡང་། སྨན་པའི་ལག་རྟགས་ཕྱིར་དུ་ཟླ་བ་ཁ་ཤས་ལ་སློབ་སྦྱོང་བྱས་པ་དེ་ཡང་དོན་མེད་དུ་བྱས་སོང་སྙམ་པའི་སྐབས་དེར་ཁ་པར་གྱི་གློག་འོད་གདོང་ངོས་སུ་ཕོབ་པ་དང་མཉམ་དུ་ཏིང་སྒྲ་བར་མེད་དུ་གྲག། སྒྲ་དེ་རྣ་ལ་གཟན་པའི་ཚོར་སྣང་ཞིག་གིས་རང་དབང་མེད་པར་ཁ་པར་ཁ་མི་འབྱེད་ཀ་མེད་བྱུང་། “འོ་ཅི་བྱེད་བཞིན་ཡོད། ”“རང་གར་བསྡད་ཡོད། ”“ངེད་གཉིས་སྲང་ལ་འགྲོ། ”“ཡ་ཡ་ཟེར། ”གྲོགས་དེ་ནི་རྒྱུགས་སོགས་ཀྱི་སྐད་ཆ་ཟུར་ཙམ་མ་གླེང་བར་ཕྱི་ལ་འགྲོ་ཅེས་ཟེར་ཚུལ་ལ་བལྟས་ན་ཁོ་ལ་རྒྱུས་མངའ་ཆེ་བ་དང་གཞན་སེམས་ཤེས་པའི་མི་ཉམས་མྱོང་ཅན་ཞིག་ཡིན་པ་ཤེས་ནུས། བསམ་འགྲུབ་ལུས་པོ་ངལ་དུབ་པའི་ཉམས་ཀྱིས་ལམ་ལ་ཆས།  ཁོ་གཉིས་ཀྱི་ཤག་སྡོད་བྱེད་སའི་སུམ་མདོ་ནས་འཕྲད་པར་ཁ་བརྡ་ལྡུབ་ལྡུབ་རེ་བྱས་ནས་སྒོ་ལེབ་ནག་པོ་ཅན་གྱི་ཆང་ཁང་གི་ཕྱོགས་སུ་བསྐྱོད། 
 
        རྣམ་པར་བཀྲ་བའི་གློག་འོད་སྣ་ཚོགས་ཀྱིས་བསམ་འགྲུབ་ཀྱི་སེམས་བསླུ་མ་ཐུབ་པར་སྔར་བཞིན་སྨྲ་བ་མེད་པར་ཧད་ནས་འདུག གྲོགས་རྡོ་རྗེས་གཏམ་ཀུ་རེ་སྣ་ཚོགས་ཚོགས་ཤིག་བཙལ་ནས་བཤད་ན་ཡང་ངལ་བ་འབྲས་མེད་དུ་གྱུར།  སྐབས་དེར་གྲོགས་རྡོ་རྗེའི་སེམས་སུ་བསམ་འགྲུབ་ཀྱི་མདུན་ནས་དོ་ནུབ་ཀྱི་གློག་འོད་ལ་བརྗིད་དཔལ་དང་གཏམ་ཀུ་རེ་ལ་དགའ་ཉམས་དང་བྲལ་བ་འདི་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་སྙམ། དེ་ནས་གློ་བུར་དུ་འདར་ངག་འདྲེས་པའི་མོ་སྐད་ཞིག་གིས་ཁོ་གཉིས་ཡང་ཧབ་སེ་བཏང་བར་མགོ་བོ་ཡར་བཅགས་ཏེ་གཡས་ལྟ་གཡོན་ལྟ་ཞིག་བྱེད་དགོས་བྱུང་།  ཕོ་གསར་ཞིག་ས་ལ་དགྱེལ་ནས་འདུག་པ་དེ་ལ་བུ་མོ་ལོ་གཞོན་ཞིག་གིས་ངུ་ངག་གིས་རབ་བརྟན་རབ་བརྟན་ཟེར་བཞིན་གོང་ཁ་ནས་འཐེན་གྱིན་འདུག  དེ་མཐོང་ཕྲད་དུ་བསམ་འགྲུབ་ཀྱིེས་བྱ་འཕུར་བ་ལྟར་དེའི་ཕྱོགས་སུ་རྒྱུག།   སྔར་དགེ་རྒན་ཚོས་ཚོད་ལྟ་ཁང་ནས་ཁྲིད་མྱོང་བ་ལྟར་དུ་ལག་ལེན་ལ་འདེབས་འགོ་རྩོམ་དུས་ངང་འཚུབ་ཞིག་སྐྱེས་ཀུན་འདུག ད་རེས་མི་ངོ་མ་ཞིག་གི་བྲང་ལ་བསྣན་ནས་སྲོག་སྐྱོབ་བྱས་པ་ཐོག་མ་ཡིན་པས་གང་ཐུབ་ཐུབ་ཀྱིས་གཟབ་གནན་བྱས། དེའི་མཐའ་སྐོར་ནས་མི་ཚོགས་ཚིང་ཁ་ཤིག་ཤིག་མི་རེ་རེའི་མིག་ཟུང་གཡོ་འགུལ་མེད་པར་ཕོ་གསར་དེའི་ངོ་གདོང་ལ་ཅེར་ནས་འདུག  བསམ་འགྲུབ་ཀྱི་ཐོད་པའི་ངུལ་ཆུ་འཕྱོ་ཙམ་འཕྱོ་ཙམ་བྱས་ནས་ཕོ་སར་གྱི་ནང་ལྭ་དཀར་རོ་བརླན་པར་བྱས་ན་ཡང་མི་གཅིག་གིས་ཀྱང་དེ་མ་ཚོར།  རྡོ་རྗེས་ཀྱང་འདི་ལྟ་བུའི་རྣམ་པ་གློག་བརྙན་ལས་མཐོང་བ་མ་གཏོགས་དངོས་སུ་མཐོང་མྱོང་མེད་པས་མཚར་སྣང་དང་བཅས་ཏེ་ཅེར་ནས་འདུག ཚང་མས་རེ་སྒུག་བགྱིས་བགྱིས་པའི་མཐར་ཕོ་གསར་དེས་ཉམ་ཆུང་ངང་ནས་གླུད་ཙམ་གླུད་ཙམ་བྱས་པར་མིག་ལ་རི་མོ་སུམ་བརྩེགས་ཆགས་པའི་མིག་ཟུང་ཡང་དལ་གྱིས་བྱས།  དེ་མུར་མི་ཚོགས་ཀྱི་ཀུ་སྒྲ་དང་ཐལ་མོ་བརྡབས་སྒྲས་ཆང་ཁང་བཀང་བར་བྱས།    

       མི་མང་བོས་བསྟོད་པ་བྱས་པའི་དབང་གིས་ཡིན་ནམ། ཡང་ན་དོན་དག་རླབས་ཆེན་སྒྲུབ་པའི་རྐྱེན་ཡིན་ནམ་ཅི་ཆ། གང་ལྟར་བསམ་འགྲུབ་དང་རྡོ་རྗེ་གཉིས་ཆང་ཁང་གི་སྒོ་བུད་དུས་ངོ་ལ་འཛུམ་མདངས་དང་ཁ་ལ་ཀུ་རེ་ཡིས་བཀང་འདུག ད་དུང་བར་བར་ནས་འབྲུ་མི་གསལ་བའི་གླུ་རེ་ལེན་གྱིན་འདུག   བར་སྐབས་དེར་བསམ་འགྲུབ་ཀྱི་སེམས་སུ་རང་གི་རྒྱུགས་འཕྲོད་མེད་པ་དྲན་ཙམ་དྲན་ཙམ་བྱས་ན་ཡང་ཚོར་བ་སྡུག་བསྔལ་གྱིས་མ་ཁྱེར་བར་དགའ་ཚོར་གྱིས་བཀང་འདུག མི་སྲོག་གི་མདུན་ནས་རྒྱུགས་དེ་ནི་ཅི་འདྲའི་དོན་ཆུང་ཆུང་ཞིག་རེད་ཨང་སྙམ་ནས་འགྲོ་བཞིན་འདུག ལམ་སྐབས་ནས་སྲང་ལམ་གད་དར་བྱེད་པའི་རྒན་མོ་འགའ་མཐོང་འཕྲད་དུ་དེ་ཡང་དཀའ་སྡུག་ཅན་དུ་མ་མཐོང་བར་འཚོ་བ་བདེ་སྟངས་དང་བབས་ཆགས་ཅན་ཞིག་ཡིན་པའི་ངང་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཤར་ཀྱིན་པ་འདྲ།  དེ་མུར་རྡོ་རྗེས་བསམ་འགྲུབ་ཀྱི་གདོང་ལ་གཟབ་གནན་གྱིས་ལྟ་བཞིན་དོན་གྱིས་ཁྱོས་རྒྱུགས་འབྲས་ལས་ཀྱང་འབྲས་བུ་བླ་ལྷག་བླངས་འདུག་ཅེས་བཤད་པ་ན།  དེ་མ་ཐག་ཏུ་སྐད་ཆ་དེ་བསམ་འགྲུབ་ཀྱི་སེམས་ཀྱི་གཏིང་རིམ་ལ་ཕོག་པ་དང་འདྲ་བར་མགྲིན་པ་ནས་སེམས་ཚོར་གྱི་ཚིག་དག་འགག་ནས་བཤད་མ་ནུས། 

                 རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease