གཡུ་ཡི་ཕྲེང་བ།

    རྩོམ་པ་པོ། ཆང་གཞོན་ནུ།


གཡུ་ཡི་ཕྲེང་བ།
སྒྲུང་ཐུང་།

                    ཆང་གཞོན་ནུ། མཚོ་ལྷོ།
 
        ང་རང་གཙུག་ལག་ཁང་དུ་སོང་ནས་ཇོ་བོ་རིན་པོ་ཆེར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ན། མི་ལོ་དུ་མའི་ཡར་སྔོན་གྱི་འདས་དོན་ཞིག་ཡིད་ལ་ཝ་ལེར་དྲན་བྱུང་། འདས་དོན་དེ་ཡིད་ལ་དྲན་ཐེངས་རེར་ངའི་ནང་སེམས་སུ་དགུན་གྱི་གྲང་རླུང་ལྡང་བ་ནང་བཞིན་འཁྱག་སིབ་སིབ་ཏུ་གྱུར་འགྲོ། དེ་ནི་དགུན་གྱི་གྲང་ལྷགས་ཀྱིས་ཡོངས་སུ་ཁྱུར་མིད་གཏོང་ལ་ཉེ་བའི་ལྷ་སའི་དགུན་ཁ་ཞིག་ཡིན། 
 
       ཉིན་དེར་ང་རང་དུས་རྒྱུན་དང་མཚུངས་པར་ལས་ཚོགས་སུ་འགྲོ་སའི་རྒྱ་ལམ་དུ་རྐང་ཐང་ལ་སོང་བ་ཡིན། སྐབས་དེར་ལམ་འགྲམ་དུ་སྔར་མཐོང་མ་མྱོང་བའི་སྤྲང་བོ་ཞིག་གིས་སྒོར་མོ་སློང་གིན་འདུག  སློང་མོ་བ་དེས་གྱོན་གོས་རྙིང་ཞིང་ཧྲལ་ཧྲུལ་དུ་གྱུར་པ་ཞིག་གོན་འདུག་ཅིང་། ནག་ཅིང་ཚི་དྲེག་ཆགས་པའི་ངོ་གདོང་ལ་གཉེར་རིས་ཤ་ཤུར་བབས་འདུག་པས་ཕར་བལྟས་ཚོད་ཀྱིས་མ་མཐའ་ཡང་ལོ་ན་དྲུག་ཅུར་སོན་པའི་རྒན་པོ་ཞིག་ཡིན་པ་ཤེས་ཐུབ།
 
          ངས་སྒོར་བཅུ་བཏོན་ནས་ཁོ་ལ་བྱིན་ཏེ་འགྲོ་གྲབས་བྱེད་སྐབས། ལྟ་ཕྱོགས་ཤིག་གིས་ཁོའི་སྐེ་རུ་ཕྲེང་བ་སྔོན་པོ་ཞིག་བཏགས་འདུག་པ་མཐོང་། ངས་དེ་ལ་ཡང་ཡང་ཞིབ་ཏུ་བལྟས་རྗེས་ད་གཟོད་དེ་ནི་རིན་ཐང་གཞལ་དུ་མེད་པའི་གཡུ་ཡི་ཕྲེང་བ་ཞིག་ཡིན་པ་ཤེས། རེད། འཕྱུགས་མི་འདུག  དེ་ནི་གཡུ་ཡི་ཕྲེང་བ་དངོས་མ་ཞིག་རེད། ངས་མི་ལོ་འདི་འདྲའི་མང་བོ་ཞིག་ལ་གཡུ་བྱུར་གྱི་ཚོང་ལས་གཉེར་བས་འཕྱུགས་ག་ལ་སྲིད། དེ་བས་ང་རང་ལམ་སང་ཁོའི་གམ་དུ་བསྡད་དེ་ཁོ་དང་གླེང་མོལ་བྱས་པ་བརྒྱུད། ཁོ་ནི་ཨ་མདོ་ནས་ལྷ་སར་མཇལ་སྐོར་ལ་ཡོང་སྟེ་རྗེས་སུ་ཕྱིར་ལོག་མ་ཐུབ་པར་ལྷ་སར་ལུས་སོང་བ་ཞིག་ཡིན་པ་ཤེས།
 
      ངས་ཁོ་ལ་ཁོའི་སྐེ་ཡི་གཡུ་ཡི་ཕྲེང་བའི་སྐོར་གྱི་གནས་ཚུལ་དྲིས་པར། ཁོས་བཤད་ན་ཕྲེང་བ་དེ་ནི་ཁོ་ཚང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁྱིམ་རྒྱུད་ནོར་བུ་ཡིན་ཚུལ་ལབ་བྱུང་། ངའི་སེམས་སུ་སྤྲོ་བ་འགོག་མེད་ཅིག་སྐྱེས་ཏེ་དེ་རིང་ང་རྒྱུ་ཐོག་ལ་བརྒྱབ་པ་མིན་ནམ་ཅི་ཡིན།སྤྲང་རྒན་འདིའི་ད་ལྟའི་གནས་ཚུལ་ལ་བལྟས་ན་ལྟོ་རྒྱབ་ཀྱང་ཁེབས་ཀྱིན་མེད་པས་གཡུ་ཡི་ཕྲེང་བ་དེ་བཙོང་བ་ལས་འོས་མེད་དོ་སྙམ་ནས། རྒན་པོ་དེ་ལ།  ཁྱོད་ཀྱི་གཡུ་ཡི་ཕྲེང་བ་དེ་ང་ལ་བཙོང་ཆོག་གམ། ངས་རིན་གོང་མཐོན་པོ་ཞིག་སྟེར་བ་ཁོ་ཐག་ཡིན་ཞེས་གཟབ་ནན་གྱིས་དྲིས་པར། བསམ་ཡུལ་ལས་འདས་པ་ཞིག་ལ། རྒན་པོ་དེའི་ངོ་མདོག་འགྱུར་ནས་མིག་ཟུང་གིས་གཡོ་མེད་དུ་ང་ལ་ཅེར་ཏེ། ཁྱོད་ཀྱིས་སྒོར་མོ་ཅི་འདྲའི་མང་བོ་ཞིག་བྱིན་ནའང་ངའི་སྐེ་ཡི་ཕྲེང་བ་འདི་མི་བཙོང་ཁོ་ཐག་ཡིན་ཞེས་བཤད།ང་རང་ཅུང་ཙམ་ཧ་ལས་ཏེ་ཁོ་ལ། ཁྱོད་ཀྱིས་སྐེ་ཡི་ཕྲེང་བ་དེ་བཙོངས་ན་ལམ་སང་ཕྱུག་པོར་འགྱུར་བ་གདོན་མི་ཟ་བས་ད་ལྟའི་ལྟོགས་སྐོམ་གྱི་སྡུག་བསྔལ་འདི་མྱོང་མི་དགོས། འདི་ལྟ་བུའི་གོ་སྐབས་ལེགས་པོ་ཞིག་དམ་འཛིན་མི་བྱེད་པ་ན་ཅི་འདྲའི་གླེན་རྟགས་ཚ་བོ་ཞིག་རེད་ཨང་ཞེས་ལབ་པར། ཁོ་ཕལ་ཆེར་ཁོང་ཁྲོ་ལངས་པ་འདྲ་སྟེ།  ཁོས་ང་ལ་ཕྱོགས་ནས་སྡང་མིག་ཅིག་བགྲད་དེ། ཕྲེང་བ་འདི་ནི་ངའི་ཕ་མཐོ་རིས་པོས་ང་ལ་བཞག་པའི་ངེད་ཚང་གི་ཁྱིམ་རྒྱུད་ནོར་བུ་གཅིག་བུ་ཡིན་པས་ངས་བཙོང་ག་ལ་རུང་། ང་ནི་རྒྱུ་རིག་ན་ཕ་མེས་ཀྱི་ཤུལ་བཞག་ཡིན་ཡང་བཙོང་སྲིད་པའི་ཞབས་འདྲེན་མཁན་ཁྱོད་ཚོ་དང་ཡེ་ནས་མི་འདྲ་བས། ངའི་སྐེ་ཡི་ཕྲེང་བར་ཁྱོད་ཀྱིས་རེ་བ་མ་བྱེད་ཅིག་ཅེས་བཤད།སྐབས་དེར་ང་ཡང་འཚིག་པ་ཅུང་ཙམ་ཟོས་ཏེ་ཁོ་ལ། དེས་ན་ཁྱོད་ཀྱིས་རང་གི་སྐེ་ཡི་ཕྲེང་བ་དེ་ལྷ་སའི་ཆོམ་རྐུན་གང་རུང་ཞིག་ལ་རིན་མེད་དུ་འཁྱེར་དུ་ཆུགས་ཡ། གླེན་རྒན་ཞེས་ཁྲོ་གཏམ་ཞིག་སྨྲས་རྗེས་ཐད་ཀར་རྒྱ་ལམ་དུ་ཞུགས་ནས་རང་ཁྱིམ་དུ་ལོག
 
        ཁྱིམ་དུ་སླེབས་རྗེས་ངས་རང་གིས་བཤད་པའི་སྐད་ཆ་ཅུང་ཙམ་ལྕི་སོང་སྙམ་ནའང་། སྐབས་དེར་ལྷ་ས་རུ་གཡུ་བྱུར་ཉོ་ཚོང་གི་ཚ་རླབས་ཤིག་འཕྱུར་བ་དང་བསྟུན། འཕྲོག་བཅོམ་མཁན་དང་རྐུན་མ་ཡང་ཧ་ཅང་མང་བོ་བྱུང་བས་དངོས་གནས་དོགས་ཟོན་བྱ་འོས་པའི་གནས་སུ་འཁུམས། ཕྱི་ཉིན་ང་རང་ཡང་བསྐྱར་ལམ་དེར་བརྒྱུད་སྐབས། ལམ་འགྲམ་དུ་མི་ཚོགས་མང་བོ་འདུས་ནས་གང་ཞིག་ལ་ལྟ་བཞིན་འདུག  ང་རང་ཕར་སོང་ནས་བལྟས་ཙ་ན།  དེ་ནི་ཁ་སང་གི་སློང་མོ་བ་རྒན་པོ་དེ་རེད།  ཁོ་རང་འཁྱག་ཤི་ཐེབས་ནས་ལུས་པོ་ནི་རྡོ་བ་ལྟར་མཁྲེགས་པོ་ཆགས་འདུག  ངས་ཞིབ་ཏུ་བལྟས་པར་ཁོའི་སྐེ་རུ་བཏགས་པའི་གཡུ་ཡི་ཕྲེང་བ་དེ་མཐོང་རྒྱུ་མ་བྱུང་བས། ངའི་སེམས་སུ་ད་ནི་ངས་ཁ་སང་བཤད་པ་ནང་བཞིན་རྒན་པོ་དེ་ཆོམ་རྐུན་གང་རུང་ཞིག་གི་ལག་ཏུ་ཤོར་ནས་དམར་གསོད་བྱས་རྗེས་སྐེ་ཡི་ཕྲེང་བ་ཁྱེར་སོང་བ་ཁོ་ཐག་རེད་སྙམ་མོད།  རྒན་པོའི་གདོང་ན་ཡིད་ཚིམས་པའམ་མགུ་གང་བའི་ཉམས་ཤིག་གིས་ཁེངས་འདུག་པ་ལས་ཟུག་གཟེར་སྐྱེས་པ་དང་མི་སྡུག་པའི་ཉམས་ཅི་ཡང་མངོན་མེད་པར་མ་ཟད་རྨ་ཁ་སོགས་ཀྱང་ཅི་ཡང་མ་མཐོང་བས་ང་རང་ཅུང་མཚར་སྣང་སྐྱེས། 
 
       རྒན་པོ་ཤི་བའི་སྣང་ཚུལ་དེ་མཐོང་རྗེས་ངའི་སེམས་སུ་ཆུ་འཁྱག་བླུགས་པ་ལྟར་འཁྱག་ཤུར་ཤུར་དུ་གྱུར་ཅིང་། སེམས་སུ་ཁོས་ཁ་སང་ཞིག་ནས་ང་ལ་ཕྲེང་བ་དེ་བཙོངས་ཡོད་ཚེ་དེ་རིང་གི་གནས་ཚུལ་སྡུག་པོ་འདི་འབྱུང་མི་སྲིད་སྙམ་གྱིན་ཁོ་ལ་སྙིང་རྗེ་ཞིག་སྐྱེས་པ་དང་མཉམ་དུ། ཁོ་དང་ཁ་སང་ཁ་རྩོད་ཤོར་བར་ཡང་ནོངས་འགྱོད་ཚད་མེད་ཅིག་སྐྱེས་མོད།  ད་ནི་བྱ་ཐབས་ཅི་ཡོད་ཨང་། 
 
    མི་ནི་མ་གཞི་ནས་འདི་འདྲ་ཞིག་སྟེ། འཇིག་རྟེན་དུ་འཚོ་སྐབས་ཕན་ཚུན་ལ་གཅེས་སྤྲས་དང་གུ་ཡངས་མི་གནང་བར་སོ་སོ་རིང་དུ་གྱེས་ཚེ་སྔར་བྱས་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེ་ངེས།  ད་ནི་ཅི་བཤད་ཀྱང་འཕྱིས་སོང་བས་ངས་ཀྱང་ཁོང་གི་དགེ་རྩར་མ་ཎི་རེ་བསྔོ་བ་ལས་ཐབས་གཞན་མ་མཆིས་སོ། ། 
 
       ང་རང་དགུན་གྱི་གྲང་རླུང་དང་བསྡེབས་ནས་མ་ཎི་རེ་འདོན་ཞོར་གཙུག་ལག་ཁང་དུ་གསོལ་བ་འདེབས་པར་ཆས།བློ་ཡུལ་ལས་འདས་པ་ཞིག་ལ། ང་རང་གཙུག་ལག་ཁང་དུ་ཐོན་རྗེས། རྒན་པོ་དེའི་སྐེ་རུ་བཏགས་པའི་གཡུ་ཡི་ཕྲེང་བ་དེ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཕུལ་ཡོད་པ་མཐོང་བྱུང་། སྐབས་དེར།  ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་ཡོངས་སུ་བཅིངས་ནས་མིག་ཟུང་ལས་མཆི་མ་དབང་མེད་དུ་ཤོར་སོང་།
                   2019/11/28 ལ་གྲུབ་པའོ། ། 
                             
རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease