མ་ཎི་གཅིག

    རྩོམ་པ་པོ། ཚེ་རིང་དོན་འགྲུབ།


མ་ཎི་གཅིག

            ཚེ་རིང་དོན་གྲུབ།
 
གཅིག

དགེ་འདུན་དར་རྒྱས་ཀྱིས་ནད་ཁྲིའི་སྟེང་ནས་དལ་ལྷོད་བག་ཕེབས་ངང་མ་ཎི་བྱེ་བ་དགུ་ས་ཡ་དགུ་འབུམ་དགུ་ཁྲི་དགུ་སྟོང་དགུ་དགུ་བརྒྱ་གོ་དགུ་བཏོན་མཚམས་གློ་བུར་དུ་གཟེར་རྒོད་དྲག་པོ་ཞིག་གིས་ཁོ་པ་བསམ་དབང་དྲན་དབང་མ་བྱིན་པར་ཕྱི་མའི་ཡུལ་དུ་ཁྱེར་སོང་། ཕལ་ཆེར་འདི་དང་དུས་མཚུངས་སུ་དགེ་འདུན་དར་རྒྱས་ཀྱི་མནའ་བཅད་གྲོགས་པོ་གཅིག་པུ་སྟེ་ཚེ་རིང་བསམ་གྲུབ་ཀྱིས་ཀྱང་ད་ནི་རང་ཉིད་འཇིག་རྟེན་འདིར་དུས་ཡུན་རིང་པོར་སྡོད་ཁོམ་མེད་པ་ཚོར་ནས་ལག་ཟུང་སྙིང་ཁར་ཟུམ་སྟེ“མར་གྱུར་སེམས་ཅན་འགྲོ་བ་རིགས་དྲུག་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་གྱུར་ཅིག འགྲོ་བ་མིའི་རིགས་ལ་འདྲ་མཉམ་དང་རང་དབང་། ཞི་བདེ་ཡོང་བར་སྨོན། ཨེཾ་མ་ཎི་པདྨེ་ཧཱུ།”ཞེས་སྨྲས་མ་ཐག་སྡུག་བསྔལ་ཅི་ཡང་མེད་པར་གཉིད་དུ་ཡུར་བ་ལྟར་གཤིན་རྗེའི་འཕྲང་ལམ་དུ་ཞུགས་སོང་།
འདས་པོ་ཁྲི་སྟོང་མང་པོས་འཚང་ཁ་ཤིག་ཤིག་རྒྱག་བཞིན་བགྲོད་པའི་ཁྲོད་ནས་དགེ་འདུན་དར་རྒྱས་དང་ཚེ་རིང་བསམ་གྲུབ་གཉིས་ཀ་ངོ་ཕྲད་བྱུང་།“ཧ་ཧ། མནའ་བཅད་ཡིན་ན་ཕྱི་མའི་ཡུལ་ནས་ཀྱང་ངོ་གཅིག་འཕྲད་སྲིད་ཟེར་བ་ངོ་མ་བདེན་པ་རེད།” ཚེ་རིང་བསམ་གྲུབ་འཇིག་རྟེན་མི་ཡུལ་ན་ཡོད་དུས་དང་འདྲ་བར་སེམས་ཁྲལ་འདང་རྒྱག་ཅི་ཡང་མེད་པར་དགའ་འཛུམ་འཛུམ་གྱིས་ཚུར་ཡོང་སྟེ་དགེ་འདུན་དར་རྒྱས་ཀྱི་ལག་པར་འཇུས་བྱུང་། ཡིན་ནའང་དགེ་འདུན་དར་རྒྱས་ཀྱི་ངོ་མདངས་རྦད་དེ་ཤོར་ནས་མགོ་བོ་ཐད་དུ་གཡུག་པ་ཙམ་ལས་རྣམ་འགྱུར་ཅི་ཡང་མེད།
“སྤུན་ཟླ་ཁྱོད་ལ་ཅི་བྱུང་སོང་།” ཚེ་རིང་བསམ་གྲུབ་ཀྱིས་དགེ་འདུན་དར་རྒྱས་བསྐྱོར་ནས་ལམ་འགྲམ་དུ་འབུད་ཞོར་དེ་ལྟར་དྲིས།
དགེ་འདུན་དར་རྒྱས་ཀྱིས་མུ་མཐུད་དུ་སྡུག་བསྔལ་གྱིས་མགོ་བོ་ཐད་དུ་གཡུག་གིན་འདུག་ལ། མཇུག་མཐར་གཞི་ནས“ཕངས……ཕངས་པ་ལ། ངའི……ངའི་ལས་འདི་བཙོག་པ་ལ།”ཟེར་ནས་ངུ་ལ་ཁད་བྱས།
“ཨ་ཧོ། སྤུན་ཟླ། མཐར་གཏུགས་ན་ཁྱོད་ལ་ཅི་ཞིག་བྱུང་སོང་།”
“བཤད་ཚུལ་ལྟར་ན་མ་ཎི་དུང་ཕྱུར་གཅིག་བཏོན་ན་བདེ་བ་ཅན་ལ་འགྲོ་རྐྱང་ཡིན་ཟེར་བ་མིན་ནམ།”
“དེ་འདྲའི་བཤད་ཚུལ་ཞིག་ཡོད་པ་འདྲ། ཅི་རེད།”
“ཨེ—— ངས་མ་ཎི་ཅི་ཙམ་བཏོན་པ་ཁྱོད་ཀྱིས་ཨེ་ཤེས།”
“ཁྱོད་ཀྱིས་ནམ་རྒྱུན་མ་ཎི་འདོན་པ་མིན་ནམ། ཕལ་ཆེར་མང་པོ་བཏོན་ཡོད་རྒྱུ་རེད། ཐ་ན་དུང་ཕྱུར་གཅིག་བཏོན་ཡོད་ཀྱང་སྲིད། དེའི་ཕྱིར་ཁྱོད་རང་དགའ་སྤྲོ་སྐྱེས་ན་འགྲིག་ཡ།”
“ཨེ——དྲང་མོར་ཤད་ན་ངས་མ་ཎི་བྱེ་བ་དགུ་ས་ཡ་དགུ་འབུམ་དགུ་ཁྲི་དགུ་སྟོང་དགུ་དགུ་བརྒྱ་གོ་དགུ་བཏོན། ཏག་ཏག་མ་ཎི་གཅིག་གིས་དུང་ཕྱུར་གཅིག་ལ་འདང་མ་སོང་། ཁྱོད་ཀྱིས་ཤོད་དང་ང་ལས་ངན་ཞིག་ཨེ་རེད། ཤུ——”
“ཧ་ཧ་ཧ་ཧ། མ་གཞིར་ཁྱོད་ཀྱིས་འདི་ལ་སེམས་ཁྲལ་བྱེད་པ་ཡིན་ནམ།”
“ཡིན་ཡ། འདི་དོན་དག་ཆུང་ཆུང་ཞིག་ག་ལ་ཡིན།”
“དེས་ན་ཁྱོད་ཀྱིས་སེམས་བདེ་མོ་
བྱོས།”
“?”
“ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་ང་ནི་མགོ་གཡུགས་ནས་ཅ་ལ་ཟད། ཁ་བགད་ནས་མི་ཚེ་ཟད་པ་ཞིག་ཡིན། རྒྱུ་ནོར་སྒོར་མོ་ཞིག་ཀྱང་གསོག་མ་ཐུབ། ཁ་ཏོན་དགེ་སྦྱོར་ཞིག་ཀྱང་སྒྲུབ་མ་ཐུབ་མོད། འོན་ཀྱང་ད་འདིའི་སྔོན་ལ་ང་རང་ཚེ་ལས་འདའ་ཁར་ཏག་ཏག་མ་ཎི་གཅིག་བཏོན་ཡོད། ངས་མ་ཎི་དེ་ཁྱོད་ལ་བྱིན་པ་ཡིན།”
“ཅི……ཅི་ཞིག ངས་གོ་ལོག་གོ་བ་མིན་ནམ། ཁྱོད་ཀྱིས་ད་རུང་ཐེངས་གཅིག་ཤོད་དང་།”
“ངའི་མ་ཎི་གཅིག་པོ་ཁྱོད་ལ་བྱིན་པ་ཡིན།”
“ཁྱོད……ཁྱོད……ཁྱོད་རང་ནམ་རྒྱུན་ཀུ་རེ་རྩེ་བར་དགའ་བ་མིན་ནམ། འདི་འདྲའི་དོན་ཆེན་སྟེང་ནས་ཁྱོད་ཀྱིས་ང་ལ་ཀུ་རེ་རྩེ་མི་རུང་ཡ།”
“ཨ་ཡ། ཁྱོད་འདི་ངོ་མ……དེ་ནི་མ་ཎི་གཅིག་མིན་ནམ། འུ་གཉིས་མནའ་བཅད་གྲོགས་པོ་རེད་ཡ། མ་ཎི་
གཅིག་ཅི་ལ་རྩི།”
“སྤུན་ཟླ། ངའི་སྤུན་ཟླ་བཟང་པོ།” དགེ་འདུན་དར་རྒྱས་ཧ་ཅང་སེམས་འགུལ་ཐེབས་ཏེ་མིག་ཆུ་ཤར་ཤར་འབབ་བཞིན་ཚེ་རིང་བསམ་གྲུབ་ཀྱི་སྐེ་ལ་འཐམས་ཏེ“ཁྱོད་ཀྱིས་ཤེས་གསལ་ལྟར། ང་རང་འཇིག་རྟེན་མི་ཡུལ་ན་ཡོད་དུས་ཁྱོད་གཅིག་པོ་མ་གཏོགས་མནའ་བཅད་གྲོགས་པོ་གཞན་མེད་མོད། འོན་ཀྱང་ངས་ཁྱོད་དང་མནའ་བཅད་སྤུན་སྒྲིག་བྱས་པ་གཏན་ནས་འཆུག་མེད། འདི་ཕལ་ཆེར་ངའི་བསོད་ནམས་ཡིན་པ་འདྲ།”ཟེར།
“དེ་རེད་དེ་རེད། ཨང……ད་རྗེས་སུ་འུ་སྤུན་ཟླ་གཉིས་ཀ་ངོ་འཕྲད་པའི་གོ་སྐབས་ཡོད་མེད་སུས་ཤེས། དེའི་ཕྱིར་ད་ནི་སྔོན་གྱི་དགོད་བྲོ་བའི་དོན་དག་དེ་དག་ཕྱིར་དྲན་རེ་བྱས་ན་སྐྱིད་པོ་མིན་ནམ།”
“དེ་ལོས་ཡིན། ཡིན་ནའང……ངའི་སེམས་པ་ད་རུང་དེ་འདྲ་བདེ་རྒྱུ་མེད། གལ་ཏེ་གཤིན་རྗེ་རྒྱལ་པོས་ཁྱོད་ཀྱི་མ་ཎི་གཅིག་པོ་ངའི་རྩིས་ཐོའི་སྟེང་ལ་འགོད་མི་ཆོག་གསུངས་ན་ཅི་བྱེད། དེའི་ཕྱིར ……དེའི་ཕྱིར་འུ་གཉིས་སྔ་ས་ནས་གཤིན་རྗེ་རྒྱལ་པོའི་མདུན་ལ་སོང་ནས་གནས་ཚུལ་ཡར་ཞུ་བྱས་ན་མི་བཟང་ངམ།”
“ཨང་། དེ་ཡང་ཆོག་གི ཡང་གཅིག་བཤད་ན་བར་དོའི་འཕྲང་འདི་དངོས་གནས་ས་ཆ་སྐྱིད་པོ་ཞིག་མ་རེད།”
ངོ་མ། འདི་ནི་མུན་ནག་མིན་ལ་འོད་སྣང་ཡང་མེད་པའི་མག་མོག་དང་ཐལ་མདོག་གི་གནས་ཤིག་ཡིན་པ་དང་། ན་བུན་ལྟ་བུའི་གཤིན་པོ་གྲངས་མེད་མ་གཏོགས་སེམས་ཅན་དང་སྐྱེ་དངོས་གཅིག་ཀྱང་མཐོང་རྒྱུ་མེད་པར་འཇིགས་སྣང་དང་སུན་སྣང་ཅིག་ཅར་སྟེར་བའི་ཡུལ་ཞིག་རེད། དེ་ནས་ཁོ་གཉིས་ཡང་བསྐྱར་འདས་པོ་ཁྲི་སྟོང་མང་པོའི་གྲལ་དུ་ཞུགས་པ་དང་། དགེ་འདུན་དར་རྒྱས་ཀྱིས་ཨ་མ་ཞིག་གིས་རང་གི་བུ་ཕྲུག་བསམ་མེད་ཅིག་ཁྲིད་ནས་རྒྱ་མཚོའི་རླབས་དང་འདྲ་བའི་མི་ཚོགས་ནང་དུ་འགྲོ་བ་ལྟར་སྐད་ཅིག་ཙམ་ལའང་ཚེ་རིང་བསམ་གྲུབ་ཀྱི་ལག་པ་གཏོང་བར་མི་བྱེད།
 

གཉིས།
གཤིན་རྗེའི་གཞུང་སྒྲུབ་ས་ཁུལ་དེ་སྔོན་གྱི་ཁྲིམས་ར་རྙིང་བའི་གཡོན་ཕྱོགས་ན་གསར་དུ་བཟོས་པའི་ནུབ་གླིང་གི་བཟོ་དབྱིབས་ཅན་གྱི་ཁང་བརྩེགས་མང་པོས་གྲུབ་ཡོད་པ་ཞིག་ཡིན་ལ། དེ་ཡང་ཞིབ་ཏུ་བཙལ་ན་སྡེ་ཚན་ཆེན་པོ་ལྔ་རུ་བགོས་ཏེ་གཞུང་ཞབས་རེ་རེའི་མདུན་ལ་རྩིས་འཁོར་རེ་བཟུང་སྟེ་སའི་གོ་ལའི་གླིང་ཆེན་ལྔ་ནས་ཡོང་བའི་གཤིན་པོ་ཚོའི་དགེ་སྡུག་ཅི་སྒྲུབ་དང་བསམ་པ་བཟང་ངན་ཆད་ལྷག་མེད་པར་ཐོ་འགོད་རྩིས་ལེན་བྱས་རྗེས་དྲ་བའི་སྟེང་ནས་ཕན་ཚུན་བརྒྱུད་སྤྲོད་བྱེད་ཀྱིན་འདུག བཤད་ཚུལ་ལྟར་ན་གཞུང་ཞབས་རེ་རེས་ཆ་སྙོམས་དུས་ཚོད་སྐར་ཆ་ཕྱེད་ཀའི་ནང་ལ་གཤིན་པོ་གཅིག་གི་དགེ་སྡུག་ཅི་སྒྲུབ་དང་བསམ་པ་བཟང་ངན་ཐོ་འགོད་རྩིས་ལེན་བྱས་ནས་མངག་འོས་པའི་གནས་ཏེ་ནུབ་ཕྱོགས་བདེ་བ་ཅན་དང་། ཡང་ན་རིགས་དྲུག་གང་གི་གནས་སུ་མངག་ཐུབ་ཟེར། དེ་འདྲ་ཡིན་ཡང་རྐང་རྩེད་སྤོ་ལོའི་ར་བ་ལས་ཀྱང་གཞི་རྒྱ་ཆེ་བའི་ཁང་པ་ཆེན་པོ་ཞིག་གི་ནང་དུ་ད་དུང་གཤིན་པོ་ཁྲི་སྟོང་མང་པོ་གྲལ་ཕྲེང་དུ་མ་སྒྲིག་བཞིན་ཐོ་འགོད་བྱ་རྒྱུར་བསྒུགས་འདུག ཁང་ཆེན་དེའི་གྱང་ངོས་ན་ཚོན་ལྡན་བརྙན་ཤེལ་ཆེན་པོ་མང་པོ་ཡོད་པ་ལས་ལ་ལའི་ངོས་སུ་འགྲོ་བ་མིའི་རིགས་ཀྱི་རང་དབང་ལས་དོན་ལ་བྱས་རྗེས་འཇོག་མཁན་ཆབ་སྲིད་གཙོ་འཛིན་དང་ཆོས་ལུགས་གཙོ་འཛིན། འགྲོ་བ་མིའི་རིགས་ཀྱི་ལྟོ་གོས་འགྲོ་འདུག་ཐད་ལ་བདེ་སྐྱིད་སྐྲུན་མཁན་ཚན་རིག་པ་དང་བསམ་བློ་པ། སྒྱུ་རྩལ་པ། སྙིང་རྗེ་ཚོགས་པའི་མི་སྣ། ཁོར་ཡུག་སྲུང་སྐྱོབ་མི་སྣ། སྲོག་ཆགས་སྲུང་སྐྱོབ་མི་སྣ་སོགས་ཀྱི་མཛད་རྗེས་དང་། ཁོང་ཚོ་འདས་རྗེས་ཡིད་དུ་འོང་བའི་ལྷ་ལྷ་མོའི་ཚོགས་ཀྱིས་བསྐོར་ནས་ཤམ་བྷ་ལའི་ཡུལ་དུ་སྐྱེལ་མ་བྱེད་པའམ་ཡང་ན་སླར་ཡང་དར་རྒྱས་ཆེ་བའི་དམངས་གཙོའི་རྒྱལ་ཁབ་ཏུ་བསྐྱལ་ཏེ་མུ་མཐུད་དུ་བྱས་རྗེས་འཇོག་ཏུ་འཇུག་པ་སོགས་ཀྱི་དངོས་བྲིས་བརྙན་འཕྲིན་གཏོང་གིན་འདུག་པ་དང་། བརྙན་ཤེལ་ལ་ལའི་ངོས་སུ་དམག་འཁྲུག་སློང་མཁན་དང་། ཡང་ན་རིགས་རྒྱུད་དང་མི་རིགས་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་མཁན་སྒེར་གཅོད་པ། རྡུལ་ཕྲན་མཚོན་ཆ་བཀོལ་མཁན། སྐྱེ་ཁམས་གཏོར་བརླག་བྱེད་མཁན། རུལ་སུངས་གཏེ་བོ། དུག་རྫས་ཉོ་ཚོང་བྱེད་མཁན་སོགས་ཀྱི་བྱ་སྤྱོད་དང་། དེ་དག་འདས་རྗེས་ངན་འགྲོའི་གནས་སུ་བསྐྱལ་ཏེ་ལྟ་མི་ཕོད་པའི་སྡུག་བསྔལ་མནར་གཅོད་མྱོང་བཞིན་པའི་དངོས་བྲིས་བརྙན་འཕྲིན་གཏོང་གིན་འདུག
དགེ་འདུན་དར་རྒྱས་ཀྱིས་ཚེ་རིང་བསམ་གྲུབ་ཁྲིད་དེ་གཞི་ནས་ཐོ་འགོད་བྱེད་སར་སླེབས་ཤིང་རྒྱུ་མཚན་ཞིབ་ཏུ་བཤད་པ་ན་གཞུང་ཞབས་དེས་དོན་དག་འདི་ཅུང་ཙམ་རྙོག་འཛིང་ཡིན་པའམ། མ་མཐར་ཡང་ཁོས་ཐག་གཅོད་བྱེད་མི་ཐུབ་པས་གོང་རིམ་ལ་ཡར་ཞུ་བྱེད་དགོས། སོ་སོས་དགེ་སྡུག་ཅི་བསྒྲུབས་དང་བསམ་པ་བཟང་ངན་སོགས་ཀྱི་ཡིག་ཚགས་གཤིན་རྗེ་རྒྱལ་པོའི་རྩིས་འཁོར་སྟེང་ལ་བཏང་ཟིན་ཟེར། བློ་ཡིད་ལས་འདས་པ་ནི་དེ་མ་ཐག་གཤིན་རྗེའི་ལས་མཁན་ཨ་བ་གླང་མགོ་དང་ར་སྐྱེས་ཕག་མགོ་གཉིས་སླེབས་ཏེ་དགེ་འདུན་དར་རྒྱས་དང་ཚེ་རིང་བསམ་གྲུབ་གཉིས་ཀ་ཐད་ཀར་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་ཁྲིད་སོང་།
“འདི་ངོ་མ་ཡིན་ནམ།” གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཧ་ཅང་སེམས་འགུལ་ཐེབས་ཏེ་མགོ་མཇུག་མེད་པར་དེ་ལྟར་འདྲི་ཞོར་བཞེངས་མ་མྱོང་བའི་ཁྲི་སྟེང་ནས་བཞེངས་ཙམ་བྱས་རྗེས་སླར་ཡང་ཕྱིར་བཞུགས། དགེ་འདུན་དར་རྒྱས་དང་ཚེ་རིང་བསམ་གྲུབ་གཉིས་ཀྱང་ཅི་ཡིན་ཧ་མ་གོ་བར་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཤིང་། སླར་ཡང་གཤིན་རྗེ་རྒྱལ་པོའི་ཞལ་ལ་ཅེར་འདུག
གཤིན་རྗེ་ཆོས་ཀྱི་རྒྱལ་པོས་རྩིས་འཁོར་འཆར་ཤེལ་ངོས་ལ་གཟིགས་ཙམ་བྱས་རྗེས“འོ། ཚེ་རིང་བསམ་གྲུབ་ཀྱིས་ཚེ་གང་བོའི་རིང་ལ་མ་ཎི་གཅིག་བཏོན་མྱོང་བ་དེ་དགེ་འདུན་དར་རྒྱས་ལ་བྱིན་པ་ཡིན་ཟེར་བ་ཡིན་ནམ།”ཞེས་དྲིས།
ཚེ་རིང་བསམ་གྲུབ་ཀྱིས་ཅི་མི་སྙམ་པར“དེ་ངོ་མ་ཡིན།”ཞེས་ལན་བཏབ།
གཤིན་རྗེ་རྒྱལ་པོས“ཁྱོད་ཚོ་བོད་པའི་ཡུལ་ན‘ཚེ་ཕྱི་མའི་ཡུལ་གྱི་མ་ཎི་བཞིན་དུ་དཀོན’ཞེས་པའི་གཏམ་དཔེ་ཞིག་ཡོད་པ་དེ་ཁྱོད་ཀྱིས་གོ་ཨེ་མྱོང་།”ཟེར།
“དེ་གོ་ལོས་མྱོང་།”
“དེས་ན་ཁྱོད་ཀྱིས་ཚིག་འདིའི་ནང་དོན་ཧ་གོ་ཨེ་འདུག”
“ངས་བལྟས་ན་དེ་ནི་རིན་ཐང་གཞལ་དུ་མེད་པ་དང་ཧ་ཅང་རྙེད་དཀའ་བའི་ནང་དོན་ཡིན་པ་འདྲ།”
“དེས་ན་ཁྱོད་ཀྱིས་ད་རུང་མ་ཎི་གཅིག་པོ་ཕངས་མེད་དུ་གཞན་ལ་སྟེར་ཕོད་དམ།”
“དེ་ལོས་ཕོད། དགེ་འདུན་དར་རྒྱས་ངེད་གཉིས་མནའ་བཅད་སྤུན་ཟླ་ཡིན། དེས་ན་མ་ཎི་གཅིག་ཀྱང་སྟེར་མི་ཕོད་ན་མནའ་བཅད་སྤུན་ཟླ་ཟེར་བ་མིང་ཙམ་མིན་ནམ།”
“ཨེ་མ་ཧོ། སྐྱེས་བུ་དམ་པ་ཟེར་ན་ཁྱོད་རེད།” གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གློ་བུར་དུ་ཁྲི་ལས་བཞེངས་ཏེ་ཚུར་བརྒྱུགས་ཡོང་ནས་ཚེ་རིང་བསམ་གྲུབ་ཀྱི་ལག་པར་འཇུས་ཏེ་ཨུ་ཚུགས་མཐར་སྐྱེལ་གྱིས་ཡར་ཁྲིད་དེ་རང་གི་ཁྲི་སྟེང་ནས་སྡོད་དུ་བཅུག་པ་དང་། ཁ་པར་ཡར་བླངས་ཏེ“སྐྱེས་བུ་དམ་པ་ཞིག་ཕེབས་ཡོད། མྱུར་དུ་བདེ་བ་ཅན་ལ་སྐྱེལ་མ་བྱོས། མིན། གསོལ་སྟོན་གྲ་སྒྲིག་བྱོས། བཞེས་པ་གནང་རྗེས་ངས་དངོས་སུ་ཁོང་ལ་སྐྱེལ་མ་བྱ་རྒྱུ་ཡིན།”ཟེར།
ཚེ་རིང་བསམ་གྲུབ་ཧ་ཅང་དོགས་མི་བདེ་བར་གྱུར་ཏེ་ཡར་ལངས་ནས“རྒྱལ་པོ་ཆེན་པོ། ཁྱེད་ཀྱི་འདི……”ཟེར་བ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཚེ་རིང་བསམ་གྲུབ་ཀྱི་ཕྲག་པ་ནས་མར་མནན་ཏེ་ཕྱིར་ཙོག་ཏུ་བཅུག་ནས“ཨེ——སའི་གོ་ལའི་སྟེང་གི་མི་རྣམས་ཉིན་རེ་ནས་ཉིན་རེར་བདག་འཛིན་ཇེ་ཆེར་འགྲོ་བཞིན་ཡོད་དེ། དཔེར་ན་དགེ་འདུན་དར་རྒྱས་ལྟ་བུ་རེད། དགེ་འདུན་དར་རྒྱས། ངས་ཁྱོད་ལ་འདྲི། ཁྱོད་རང་ཉིད་ལ་དེ་འདྲའི་མ་ཎི་མང་པོ་ཡོད་ནའང་མནའ་བཅད་སྤུན་ཟླ་ལ་མ་ཎི་འགའ་སྟེར་རྒྱུ་ཕར་ཞོག མནའ་བཅད་སྤུན་ཟླའི་མ་ཎི་གཅིག་པོའང་འདང་རྒྱག་མེད་པར་ལེན་ཕོད་དམ།”ཟེར།
དགེ་འདུན་དར་རྒྱས་ཀྱིས་ཤིན་ཏུ་གཉོམ་པའི་སྐད་ངག་གིས“དེ……དེ……”ཟེར་བ་ཙམ་ལས་ཅི་ཡང་བཤད་མ་ནུས།
གཤིན་རྗེ་རྒྱལ་པོས་ཅོག་ཙེའི་སྟེང་ལ་ཁུ་ཚུར་གཞུ་ཞོར“ཁྱོད་ངོ་མི་ཚའམ།”ཟེར།
དགེ་འདུན་དར་རྒྱས་ཀྱི་མགོ་བོ་བྲང་ཁར་སྨད་སོང་།
གཤིན་རྗེ་ཆོས་རྒྱལ་ཕར་འགྲོ་ཚུར་འགྲོ་བྱེད་ཞོར“ཁྱོད་ཀྱིས་འདི་འདྲའི་མ་ཎི་མང་པོ་འདོན་པའི་སྐབས་སུ་མར་གྱུར་སེམས་ཅན་ཐམས་ཅད་སེམས་ལ་བཟུང་ཡོད་མེད་ངས་དངོས་གནས་ཤེས་མ་སོང་། དེའི་ཕྱིར་ངས་ཀྱང་ཁྱོད་རང་གང་དུ་སྐྱེལ་དགོས་ཤེས་མ་སོང་།”ཟེར།
ཚེ་རིང་བསམ་གྲུབ་འཚུབ་ཆ་ལངས་ཏེ“རྒྱལ་པོ་ཆེན་པོ། རྒྱལ་པོ་ཆེན་པོ། ཕར་བལྟས་ན་ངས་རང་གི་མནའ་བཅད་ལ་གནོད་བྱས་སོང་བ་འདྲ……”ཟེར་བ་ན་གཤིན་རྗེ་རྒྱལ་པོས་ཁོའི་ཚིག་མཚམས་བཅད་དེ“མིན་མིན་མིན། འདི་ཁྱོད་ལ་འབྲེལ་བ་མེད། ཁོ་པར་དགེ་སྡུག་ཅི་ཡོད་དང་སེམས་པ་བཟང་ངན་ཡིག་ཚགས་ནང་ན་ཡོད་པ་དང་། གནས་གང་དུ་སྐྱེལ་དགོས་ཀྱང་གཤིན་རྗེའི་ཁྲིམས་གཞུང་དུ་གསལ་པོ་ཡིན། ངས་ཁོ་པར་དྲན་སྐུལ་བྱས་པ་ཙམ་ཡིན། དྲང་མོར་བཤད་ན་དགེ་འདུན་དར་རྒྱས་ལའང་སྒེར་སེམས་ཆེ་བ་ཙམ་མ་གཏོགས་ནག་ཉེས་ཆེན་པོ་མེད། ཡང་གཅིག་བཤད་ན་ཁོས་གང་ལྟར་དེ་འདྲའི་མ་ཎི་མང་པོ་བཏོན་ཡོད་པས་ངན་སོང་དུ་སྐྱེ་མི་སྲིད།”ཟེར་ནས་ཞལ་ལ་འཛུམ་མདངས་རྒྱས།
“དེས་ན་འགྲིག་སོང་། དེས་ན་འགྲིག་སོང་།”
“ད་བཞེས་པ་གནང་རོགས།”
“ཨང……རྒྱལ་པོ་ཆེན་པོ། ང་ལ་རེ་བ་ཞིག་ཡོད་པས……”
“ག་ལེར་གསུང་རོགས།”
“ངའི་མནའ་བཅད་དང་མཉམ་དུ་མཇུག་མཐའི་ཟ་མ་ཞིག་ཟོས་ན་ཨེ་ཆོག”
“ཨེ་མ་ཧོ། རྣམ་དག་མཛའ་བརྩེ། མཛའ་བརྩེ་རྣམ་དག ཁྱེད་ཀྱིས་ཡང་བསྐྱར་ང་རྒད་པོར་སེམས་འགུལ་ཐེབས་སུ་བཅུག་སོང་། ཕེབས་རོགས་ཕེབས་རོགས། འདིར་ཕེབས་རོགས།”གཤིན་རྗེ་ཆོས་ཀྱི་རྒྱལ་པོས་མནའ་བཅད་དེ་གཉིས་གཡས་གཡོན་དུ་བཟུང་སྟེ་ལྗང་མདོག་གི་ས་གདན་མཐུག་པོའི་སྟེང་དུ་གོམ་པ་སྤོ་བཞིན་གསོལ་སྟོན་ཁང་དུ་བུད་སོང་ངོ་།།
                               
རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease