སྨན་བཅོས།

    རྩོམ་པ་པོ། ཧོར་ཚང་བསྟན་འཛིན་ཕུན་ཚོགས།


སྨན་བཅོས།    
        
         
ཧོར་ཚང་བསྟན་འཛིན་ཕུན་ཚོགས། ཡུལ་ཤུལ། )

གཅིག 
དེ་རིང་ནི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བ་གཉིས་པའི་ཚེས་པ་གཅིག་རེད་འདུག ཕ་རྒན་ཟླ་བ་ལགས་ཀྱིས་བུ་དོན་འགྲུབ་སྨན་ཁང་དུ་ནད་བཅོས་བྱས་ནས་ཏག་ཏག་ཟླ་བ་གཅིག་སོང་། ཟླ་བ་གཅིག་གི་རིང་ལ་སྨན་པས་བུ་དོན་འགྲུབ་ཀྱི་གློ་སྙིང་མཆིན་གསུམ་གཙོས་པའི་དོན་ལྔ་སྣོད་དྲུག་ལ་བརྟག་དཔྱད་ཐེངས་མང་བྱས་ཤིང་སྨན་ཁབ་ཀྱང་མང་པོ་ཞིག་བརྒྱབ།
དེ་རིང་མཐོ་སྒང་གི་ཡང་རྩེ་རུ་འགྱིང་པའི་གྲོང་ཁྱེར་འདི་རུ་ཁ་བ་ཉིན་གང་པོར་ལྷབ་ལྷུབ་ཏུ་འབབ་ཅིང་ལྷགས་རླུང་འུར་འུར་དུ་ལྡང་པས་ཕྱི་རོལ་ནི་སྔ་མོ་ཞིག་ནས་གྲང་ངར་ཆེ་བའི་འཇིག་རྟེན་དུ་གྱུར་ཟིན། ཟླ་བ་སྒེའུ་ཁུང་གི་འགྲམ་དུ་དལ་བུར་འགྲེང་སྟེ་མི་ཡུལ་གྱི་འཇིག་རྟེན་ལ་ལྟ་མགོ་རྩོམ། མཐོ་དམའ་མི་སྙོམས་པའི་དུ་ཁུང་ནས་དུ་བ་ནག་ལོག་ལོག་ཏུ་མཁའ་རུ་འཕྱུར་གྱིན་པ་ནི་གྲོང་ཁྱེར་འདིའི་དྲོད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་ནད་ཀྱི་འབྱུང་ཁུངས་ཀྱང་ཡིན་ངེས་སེམས། རྒྱུ་མཚན་གྲོང་ཁྱེར་འདིར་བསླེབས་རྗེས་བུ་དོན་འགྲུབ་ཀྱི་ནད་ཇེ་དྲག་ཏུ་མ་སོང་བར་ངོ་གདོང་གི་དམར་མདངས་བཅས་ཇེ་ཉམས་སུ་སོང་། ཟླ་བ་ཚ་གདུང་ཆེ་བའི་ཁང་མིག་འདིའི་ནང་ཡུན་རིང་ལ་བསྡད་རྐྱེན་ལུས་ཡོངས་རྫོགས་ཟ་འཕྲུག་ལང་གིན་ཡོད་པས། ཁོས་སྒེའུ་ཁུང་ཁྲོག་གེར་ཕྱེས་ཏེ་ལུས་སེམས་གཉིས་ལ་བསིལ་བའི་བདེ་བ་ཆུང་ཆུང་ཞིག་ཐོབ་པར་རེ། ཁོས་གལ་ཏེ་བུ་དོན་འགྲུབ་ཀྱིས་ཡུན་རིང་དུ་བསྒུག་པའི་བཤའ་བཅོས་ལེགས་འགྲུབ་བྱུང་རྗེས་ཅིས་ཀྱང་ཕྱི་རོལ་དུ་ལྷོད་གཡེང་སྐྱིད་པོ་ཞིག་ཁྲིད་དེ་ཡུན་རིང་དུ་ཉལ་ཁྲི་རུ་ལྷུང་བའི་ངལ་དུབ་བསལ་དགོས་སྙམ། དེ་ལྟར་མང་པོ་ཞིག་འཆར་གྱིན་པའི་བར་སྐབས་སུ་བུ་དོན་འགྲུབ་ཀྱི་འཁུན་སྒྲ་སྙིང་ལ་གཟེར་བ་ཞིག་བཏོན་སོང་བས་ཁོས་ལམ་སང་སྒེའུ་ཁུང་ཡང་མ་བརྒྱབ་པར་ནད་ཁྲིའི་འགྲམ་དུ་རྒྱུགས་སོང་།  བུ་དོན་འགྲུབ་ཀྱི་ངོ་གདོང་སྐྱ་སྐྱ་རྔུལ་ཆུས་བརླན་ཅིང་། དབུགས་ཀྱི་རྒྱུ་བ་རིང་པོ་དང་སྡེབས་ནས་འཁུན་སྒྲ་སྙིང་ལ་གཟེར་བ་དེ་འདོན་གྱིན་འདུག  ཟླ་བས་རྟབ་རྟབ་པོས་ལག་རས་རློན་པས་བུའི་གདོང་གི་རྔུལ་ཆུ་སེམས་ཆུང་གིས་ཕྱིས་དཔྲལ་བའི་ཐོག་ཏུ་བཀབ། ནད་ཁྲིའི་འགྲམ་གྱི་རྐུབ་སྟེགས་སུ་ཙོག་པུར་བསྡད་ཅིང་བུ་དོན་འགྲུབ་ཀྱི་རྩ་ལམ་དུ་སྦྲེལ་ཡོད་པའི་སྨན་ཆུ་དམ་བེ་གང་ལ་མིག་བགྲད་དེ་ཅེར། སྨན་ཆུ་ནི་སྔར་བཞིན་གནམ་ཁབ་སྐུད་པར་བརྒྱུད་དེ་ཐིགས་པ་རེ་རེ་བཞིན་བུ་དོན་འགྲུབ་ཀྱི་རྩ་ལམ་དུ་བཞུར་གྱིན་ཡོད། ཁོས་མགོའི་སྐྲ་ལོ་ལ་རེག་ཙམ་བྱས་སྟེ་ཅི་ཞིག་ལ་མནོ་བསམ་གཏོང་མགོ་བརྩམས། ཁོས་སྨན་ཆུ་དེ་ཚོ་ནི་དུས་ཚོད་དང་སྒོར་མོས་ཉོས་འོང་པའི་རྩ་ཆེན་གྱི་ནོར་བུ་ཡིན་པས་བུ་དོན་འགྲུབ་ཀྱི་ནད་སངས་དྲག་ཏུ་འཇུག་པའི་ཡིད་ཆེས་ཤིག་སེམས་ཀྱི་གཏིང་རིམ་ནས་ཀླད་པའི་སྤྱི་གཙུག་ཏུ་མཆེད་ཀྱིན་ཉམ་ཆུང་གི་འཛུམ་མདངས་ཆུང་ངུ་ཞིག་མངོན་སོང་།  ནད་ཁང་དེའི་ནང་རོལ་དུ་ཁོང་ཕ་བུ་གཉིས་ལས་མེད་རྐྱེན་ཧ་ཅང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་གྲུབ་ཡོད། ལྷིང་འཇགས་ཀྱི་ཁོར་ཡུག་ལས་ཁོང་ཕ་བུ་གཉིས་ཀྱིས་ལྷིང་འཇགས་མ་ཡིན་པའི་སྙིང་སྒྲ་ཐག་ཐག་ཏུ་ལྡིང་ཞིང་ཟུག་གཟེར་གྱི་འཁུན་སྒྲ་སྣ་ཚོགས་ཀྱིས་ཁེངས།


གཉིས། 
ཟླ་བས་བུ་དོན་འགྲུབ་ཀྱི་ལག་ཟུང་དལ་གྱིས་ཕུར་ཕུར་འགའ་བྱས་པས། བུ་དོན་འགྲུབ་ཀྱི་མིག་ཟུང་ཀེམ་ཀེམ་གྱིས། སྔོ་སྐྱར་གྱུར་པའི་མཆུ་སྒྲོས་ལས་ཨ་ཕ་ང་སྐོམ་སོང་། ཆུ་ཁོལ་གྲང་ཏིག་ཙམ་ལྡུག་རོགས་ཟེར་གྱིན་མཆིལ་མ་ཁམ་གང་མིད་དེ་ཨ་ཕ་ལ་ཅེར། ཟླ་བས་བུ་དོན་འགྲུབ་ཀྱི་ཁོག་སྟོད་ལག་གཡས་པས་སྐྱོར་ཞིང་ལག་གཡོན་མས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཆུ་ཁོལ་གྲང་བུ་དོན་འགྲུབ་ཀྱི་ལག་ཏུ་སྟེར། བུ་དོན་འགྲུབ་ཀྱིས་ཧ་ཅང་འདོད་རྔམས་ཆེ་བའི་ངང་ཆུ་ཁོལ་གྲང་ཕོར་གང་ཧུབ་ཀྱིས་འཐུངས་རྗེས། དོན་འགྲུབ་ཡིད་ཚིམ་པའི་ཉམས་ཀྱིས་མགོ་བོ་ལྡེམ་ཙམ་བྱས་ཚེ། ཕ་རྒན་ཟླ་བས་དེ་མ་ཐག་ཏུ་ཧ་ཅང་བྱང་ཆ་ལྡན་པའི་ངང་ནས་བུ་དོན་གྲུབ་སྔར་ལྟར་མལ་ཁྲི་རུ་བདེ་མོར་བསྙལ། དེ་རིང་ནད་གཞི་ཇེ་དྲག་ཏུ་ཨེ་འདུག་གདོང་མདོག་ཅུང་ཙམ་དམར་པོར་གྱུར་འདུག་ཅེས་སེམས་གསོའི་ཚུལ་དུ་བཤད། ཨ་ཕ་དེ་རིང་གཟེར་ཅུང་ཙམ་འཇམ་ཡོད་འདུག་ཅེས་ཕ་རྒན་གྱི་འདོད་ཕྱོགས་བསྟུན་ཏེ་བཤད། ཟླ་བས། བུ་རྩམ་པ་ཅུང་ཙམ་བཟའ་འམ། ལུས་པོ་གསོ་བ་ལ་ཕན་རེད། མིན་ཨ་ཕ་ང་ལ་ཡི་ག་མི་འདུག  འཇམ་སྟོང་སྟོང་གི་ཁོར་ཡུག་ཆུང་ཆུང་ལས་ཁོང་གཉིས་ཡུད་ཙམ་ལ་གཏམ་གླེང་མེད་པར་ཕན་ཚུན་ལ་བལྟས་ནས་བསྡད། ཧ་ཅང་ལྷིང་འཇགས་ཀྱི་ནད་ཁང་ཆུང་ཆུང་དུ་ཁོང་གཉིས་ཀྱིས་སྨན་ཆུ་ཐིགས་པའི་སྐྱོ་དབྱངས་ལ་ཉན་ནས་ཡུད་ཙམ་ལ་ལུས། འདི་ལྟར་སྡོད་པ་ནི་ཁོང་གཉིས་ཀྱི་ངལ་གསོའི་ལེ་ཚན་ཆུང་ཆུང་ཞིག་ཏུ་སྔར་ནས་གྲུབ་ཟིན། ཟླ་བ་རྟབ་རྟབ་པོ་ཡར་ལངས་ཏེ་སྒོ་ལ་བུད། འདི་ནི་སྨན་ཆུའི་སྐྱོ་དབྱངས་འཐེན་མཚམས་བཞག་རྐྱེན་ཡིན་ངེས། ཟླ་བ་བར་ཁྱམས་སུ་ལངས་ཏེ་ནད་ཁང་སྒོ་རྟགས་ལྔ་པ་ཚང་གི་ནད་པའི་སྨན་ཆུ་ཟད་སོང་ཞེས་བོས་ཏེ་ལྭ་བ་དཀར་པོ་གྱོན་པའི་ནད་གཡོག་མ་གང་རུང་ཞིག་ཡོང་བ་ལ་བསྒུག  ལྭ་བ་དཀར་པོ་གྱོན་པའི་ནད་གཡོག་མ་ལྷ་མོ་ཚུར་ཡོང་ཞིང་ཐད་ཀར་ནད་ཁང་དུ་འཛུལ་ཏེ་ཧ་ཅང་བྱང་ཆ་ལྡན་པའི་ངང་དོན་འགྲུབ་ཀྱི་ལག་པ་ལས་སྨན་ཁབ་བླངས་ཏེ་དེ་རིང་གི་སྨན་ཁབ་ཚང་མ་བརྒྱབ་ཟིན་ཞེས་གསལ་འདེབས་བྱས་ནས་སྒོ་རུ་བུད་སོང་། དུས་ཚོད་ནི་གཡང་གཟར་གྱི་རྦབ་ཆུ་ཇི་བཞིན་བཞུད་སོང་བས། ལྷགས་རླུང་ལྡོམ་པོ་ཁྱུ་དང་ཁྱུ་བྱས་ནས་གྲོང་ཁྱེར་གྱི་སྲང་ལམ་ཀུན་ཏུ་འཁྱམ་གྱིན་འདུག  ཕ་རྒན་ཟླ་བ་ལགས་ཀྱིས་བུ་དོན་འགྲུབ་ལ་ཤ་ཁུ་ཕོར་གང་བླུད་དེ། གདོང་ནས་བབས་ཀྱིན་པའི་རྔུལ་ཆུ་ནག་པོ་འབྱེད་ཙམ་ཕྱིས། དོན་ངོ་མར་མཐོ་སྒང་ནས་བསླེབས་ཡོང་བའི་ཕ་བུ་གཉིས་ལ་མཚོན་ན་ཁང་ཆུང་འདིའི་ནང་གི་དྲོད་ཚད་ཅུང་ཙམ་ལུས་ལ་མི་འཕྲོད་པར་སྣང་། ཡིན་ནའང་ཚེ་སྲོག་ལ་འཇིགས་པ་མེད་ན་ལུས་ཀྱི་བདེ་སྡུག་ཙམ་དང་། སེམས་ཀྱི་སྐྱིད་སྡུག་བན་བུན་ཙམ་ནི་སུས་ཀྱང་བཟོད་པར་ནུས་པས། ཟླ་བས་ཀྱང་ཨ་ཕའི་བུ། ད་གཉིད་སྡོད། སང་ཉིན་སྔ་མོ་ཡང་སྨན་ཁབ་རྒྱག་དགོས་རེད་ཅེས་ཟེར་ཞོར་བུ་དོན་འགྲུབ་ལ་མལ་གོས་དྲང་མོ་བཀབ།             

གསུམ།
ཟླ་བས་དངན་པ་རིང་པོ་ཞིག་འཐེན་ཏེ་ལོ་ཟླས་བྲིས་པའི་གཉེར་རིས་བསྡུས་ཏེ་ཟླ་བ་གཅིག་གི་འདས་དོན་སྐྱུར་མོར་མནོ་བསམ་གཏོང་མགོ་རྩོམ། ཁོས་ཐོག་མར་བུ་དོན་འགྲུབ་སྨན་ཁང་དུ་ནད་བཅོས་པར་ཡོང་ཁར་རྒྱུ་སྨད་གཟེར་བ་ལས་གཞན་མི་བདེ་བར་མེད་མོད། འོན་ཀྱང་ཟླ་བ་འདིའི་རིང་རྒྱུ་སྨད་ཀྱི་གཟེར་ཅུང་ཙམ་འཇམ་ཡོད་ནའང་ངོ་མདོག་དང་ཤ་ཇེ་རིད་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་གྱིན་བུ་དོན་འགྲུབ་ཀྱི་སྐམ་རིད་དུ་གྱུར་བའི་གདོང་ལ་ལྟ་ཙམ་བྱས། མཉམ་དུ་ནད་བཅོས་བྱས་མྱོང་བའི་བླ་མ་སྟོབས་ལྡན་ཚང་གཟའ་འཁོར་འདིའི་སྔ་རོལ་ནས་ནད་སངས་དྲག་ཏུ་སོང་སྟེ་ཕ་ཡུལ་དུ་ཕེབས་སོང་མོད། དང་ཐོག་ཁོང་གི་ནད་གཞི་བུ་དོན་འགྲུབ་ལས་ཚབས་ཆེ་ནའང་སྨན་པ་ཁྲོན་གྱིས་བཤའ་བཅོས་ལེགས་པོ་བྱས་རྐྱེན་ནད་ལས་ཐར་ཟིན། ཁོས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་བླ་མ་གང་ལ་སངས་རྒྱས་ཀྱིས་བྱིན་གྱིས་རླབས་ངེས་སེམས་ཤིང་། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཚར་གྲངས་གསོག་སྐབས། བླ་མའི་ཁ་ལོ་པ་ཕུན་ཚོགས་ཁོང་གཉིས་ཀྱི་ཁ་བརྡ་ཐུང་ངུ་ཞིག་སེམས་སུ་འཁོར་ཏེ་སྐྱབས་འགྲོ་འདོན་མཚམས་ཆད་ཅིང་སྨན་ཁང་གི་སྦུག་ཏུ་ཡབ་པའི་གསང་བ་གལ་ཆེན་ཞིག་རྟོགས་སོང་བ་བཞིན་གདོང་མདོག་དམར་ནག་ཏུ་གྱུར། ཉན་དེར་ཁ་ལོ་པ་ཕུན་ཚོགས་ཁོང་གཉིས་སྨན་ཁང་གི་བར་ཁྱམས་སུ་ལངས་ཏེ་ཁ་བརྡ་ཐུང་ཐུང་ཞིག་བྱས། ཁ་ལོ་པས་གྱང་ངོར་སྙེས་ཀྱིན་དེང་སང་སྨན་ཁང་དུ་སྨན་བཅོས་བྱེད་པ་ནི་ཅི་འདྲ་དཀའ་ཨང་། སྨན་རིན་ཆ་ཚང་སྟེར་དགོས་པ་ནི་ཚུལ་མཐུན་ཡིན་ལ། གཙོ་བཅོས་སྨན་པ་ལ་དབྱར་རྩྭ་དགུན་འབུ་དང་གྲོ་མ་དངུལ་ཐུམ་སོགས་ཀྱི་རྔན་པ་མ་སྟེར་ན་ནད་བཅོས་ཡག་པོ་བྱེད་ཀྱིན་མི་འདུག  དངོས་གནས་ཁོང་ཚོའི་ལས་འགན་དང་མི་མཚུངས་པའི་མི་སྙིང་རྗེ་མེད་པ་དག་དག་རེད་ཅེས་བཤད་ཙ་ན། ཟླ་བས་སྨན་པའི་ལས་འདི་འགྲོ་མང་དགའ་བས་བཀུར་ས་ཡིན་མོད། འདི་ལྟར་མུན་ནག་གི་ལས་མ་དག་པའི་ལྐོག་རྔན་ཞིག་གིས་འཇིག་རྟེན་འགྲོ་བ་མིའི་རིན་ཐང་བླ་མེད། དྲིན་ཕ་མ་བཟང་པོས་གནང་སྦྱིན་མཛད་པའི་ཚེ་སྲོག་རིན་པོ་ཆེ་འདི་ཉིད་བསླུ་བྲིད་དང་གཡོ་འཚོང་དུ་སོང་ན་འདི་ལས་འཇིགས་ཆེ་བ་ཞིག་གང་དུ་ཡོད་དམ་སྙམ་པའི་ཚེ་ན། བུ་ཡིས་འཁུན་སྒྲ་སྒྲོག་པས་ཕུན་ཚོགས་ཁོང་གཉིས་ཀྱི་ཁ་བརྡའང་མཚམས་དེར་ཆད་ལྷག་བྱུང་། དེ་རིང་ཁོས་རྐྱེན་གློ་བུར་པ་ཞིག་ལ་བརྟེན་ནས་དོན་དེ་སེམས་སུ་ལྷང་ངེར་དྲན། དེ་མུར་ཁོས་རྫོང་དཔོན་བསོད་ནམས་ཡིད་ལ་འཁོར། རྫོང་དཔོན་བསོད་ནམས་ནི་བུ་དོན་འགྲུབ་ནད་བཅོས་ཡོང་བའི་གཟའ་འཁོར་སྔོན་མའི་ནང་སྨན་ཁང་ནས་ནད་བཅོས་བྱས་ཤིང་གཟའ་འཁོར་གཉིས་ཙམ་གྱི་ཡུན་ལ་ནད་སངས་དྲག་ཏུ་སོང་སྟེ་ལས་གནས་སུ་ལོགས་ཟིན། དོན་དག་འདི་ཚོ་དྲན་འཛིན་གྱི་མེ་ལོང་ངོས་སུ་གསལ་ལེ་འཆར་ཏེ་ཁོས་སྨིན་དབྲག་ཏུ་མདུད་པ་རྒྱག་གིན་ཅོག་ཙེའི་ཐོག་གི་ཁ་པར་བླངས་ཏེ་ཕ་ཡུལ་གྱི་ཆུང་མ་དང་ཁོའི་ཕུ་བོ་ལ་ཁ་པར་གཏོང་། ཁོས་ཆུང་མར་སང་ཉིན་གྲོང་ཁྱེར་འདི་རུ་ཡོང་མཁན་འདུག་ན་མར་ཉུང་ཙམ་དང་གྲོ་མ་ཅུང་ཙམ་བསྐུར་འོང་རོགས། ཕུ་བོར་ཉིན་ཁ་ཤས་ཀྱི་རྗེས་ནས་བུ་དོན་འགྲུབ་བཤའ་བཅོས་དགོས་པས་ཁྱེད་ཀྱི་ལག་ནས་སྒོར་མོ་ཁྲི་ལྔ་ཙམ་བསྐྱིས་རོགས་ཀྱིས། སང་ལོ་དབྱར་རྩྭ་རྐོ་མཚམས་བཞག་རྗེས་ངས་ཕར་སྟེར་འོང་ཞེས་ལབ་རྗེས་ཁོས་བུ་དོན་འགྲུབ་ཀྱི་གདོང་ལ་འཛུམ་དམུལ་དམུལ་གྱིས་ལྟ་ཙམ་བྱས། དེ་ནི་ཕ་རྒན་གྱིས་བུ་ལ་ཁྱོད་ནད་ལས་མྱུར་དུ་ཐར་རྒྱུ་རེད་ཅེས་བརྗོད་ཀྱིན་པ་དང་གཉིས་སུ་མ་མཆིས་སོ། ། བུ་དོན་འགྲུབ་ཀྱིས་སྔུར་བ་ཆུང་ངུ་རེ་འཐེན་ཡོང་པས། ཁོས་ཀྱང་དངན་པ་རིང་པོ་ཞིག་འཐེན་གྱིན་གཡོན་ལག་ཏུ་བཏགས་ཡོད་པའི་ཆུ་ཚོད་ལ་གཅིག་བལྟས་ཚེ། ཆུ་ཚོད་ཀྱི་མདའ་རྩེ་བཅུ་གཅིག་གི་ཐོག་ཏུ་ཁེལ་རྐྱེན་ཁོ་ནད་པ་མིན་ཡང་ནད་ཁྲི་ནར་ནར་གྱི་ཐོག་ཏུ་ཉལ། ནད་ཁང་འདིའི་ནང་ལ་མལ་ཁྲི་གསུམ་ཡོད་པས་ཁོ་བུ་དོན་འགྲུབ་ཀྱི་གཡོན་དུ་ཡོད་པའི་ཉལ་ཁྲི་རུ་ཉལ་ཞིང་། མགོ་བོ་སྔས་མགོ་རུ་བཞག་མ་ཐག་གཉིད་དུ་ཡུར་སོང་། 

བཞི།
དེ་རིང་། ཉིན་ཁ་ཤས་སྔོན་ནས་བབས་པའི་ཁ་བ་ནི་ཡོངས་སུ་ཞུས་ཟིན། ཉི་གཞོན་སེར་པོ་འཛུམ་དམུལ་དམུལ་གྱིས་འོད་ཐིག་རེ་རེ་ཐོག་བརྩེགས་མཐོན་པོའི་བར་གསེང་བརྟོལ་ཏེ་ནད་ཁང་ཆུང་ཆུང་གི་སྒེའུ་ཁུང་ལས་སྐབས་སྐབས་སུ་ཅུང་ཙམ་རེ་འཕྲོས་འོང་། མི་མང་ཆེའི་འཚོ་བ་ནི་བསྐྱར་ཟློས་ཡིན་མིན་མི་ཤེས་ཀྱང་ཁོང་ཕ་བུ་གཉིས་ཀྱི་འཚོ་བ་ནི་ཁ་སང་དེ་རིང་བསྐྱར་ཟློས་རེད་ཅེས་བརྗོད་ཆོག་པར་སེམས། ཁོང་གཉིས་ཀྱིས་ཟླ་བ་གཅིག་ལྷག་ཙམ་ལ་བསྐྱར་ཟློས་ཀྱི་འཚོ་བ་སུན་སྣང་གིས་རོལ་ཞིང་། ད་དུང་འཚོ་བ་འདི་རྒྱུན་ག་ཚོད་སྐྱོང་དགོས་པ་སུས་ཀྱང་སྨྲ་མི་ཐུབ་ཨང་། ལྷ་མོས་སྨན་ཆུ་དམ་བེ་གང་ཁྱེར་ནས་ནང་དུ་འཛུལ་ཞིང་། མོས་ཧ་ཅང་བྱང་ཆ་ལྡན་པའི་ངང་སྨན་ཆུ་བརྗེ་ཞོར་ཟླ་བ་ལ་སྒེའུ་ཁུང་ཕྱེས་དང་མཁའ་དབུགས་གཙང་སེལ་བྱེད་ཐུབ་ཅེས་ཟེར་གྱིན་སྒོ་ལ་བུད། བར་ཁྱམས་ནས་ཟླ་བས་བུ་མོ་ལྷ་མོ་སྒུག་ཙམ་གནང་། ཟླ་བས་ངའི་བུ་ནམ་བཤའ་བཅོས་བྱ་རྒྱུ་རེད་ཅེས་དྲིས་ཏེ་ལྷ་མོའི་འགྲམ་དུ་ལངས། ངས་ཀྱང་གསལ་པོ་མི་ཤེས། ཁྱེད་སྨན་པ་ཁྲོན་ལགས་ཀྱི་གོམ་དུ་སོང་ནས་གསལ་པོ་ཞིག་དྲིས། ཟེར་བར་ཟླ་བས། ངས་རྒྱ་སྐད་ཡག་པོ་སྨྲ་མི་ཤེས་པས་ཁྱེད་ང་དང་མཉམ་དུ་འགྲོ་རོགས། ཟླ་བ་དང་ལྷ་མོ་གཉིས་སྨན་པ་ཁྲོན་གྱི་གཞུང་ལས་ཁང་གི་སྒོ་ཁར་ལངས་ཏེ་གཅིག་གིས་གཅིག་ལ་ལྟ་ནས་འདུག་ཚུལ་ནི་སློབ་མ་པྲ་ཆལ་ཅན་གཉིས་ཀྱིས་ཉེས་པ་ཆུང་ངུ་ཞིག་བསྒྲུབས་ཏེ་དགེ་རྒན་སར་ངོས་ལེན་ཞུ་རུ་འགྲོ་བ་དང་ཀུན་ནས་མཚུངས། ལྷ་མོས་སྒོ་མཛུབ་མོས་རྡུང་ཙམ་བྱས་ཏེ་སྨན་པ་ཁྲོན་གྱིས། ནང་དུ་ཤོག་ཟེར་བ་ལ་བསྒུག  ཅུང་ཙམ་སོང་རྗེས་ཁང་པའི་ནང་ནས་འཛུལ་ཤོག་ཅེས་རྒྱ་སྐད་སྒྲ་དག་ཅིག་གིས་བོས་སོང་། ལྷ་མོས་སྒོ་འཇམ་མོར་ཕྱེས་སྟེ་ཟླ་བ་ཁྲིད་དེ་ནང་དུ་འཛུལ། ཟླ་བས་འཛུམ་དམུལ་དམུལ་གྱིས་སྨན་པ་ཁྲོན་ལ་ལྟ་བ་ནི་ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་ཀྱིན་པ་འདྲའོ། །སྨན་པ་ཁྲོན་གྱིས་གདོང་གི་མིག་ཤེལ་འདེད་ཙམ་བྱས་ཏེ་ལྷ་མོ་ལ་བལྟས་ཏེ། ཁོ་ལ་དོན་དག་ཅི་འདུག །ལྷ་མོས། ཁོའི་བུ་ཡི་བཤའ་བཅོས་ནམ་ཙམ་བྱ་རྒྱུ་རེད་ཅེས་འདྲི་བཞིན་འདུག་ལགས་ཞེས་འཛུམ་དཀར་གྱི་སོ་ཕྲེང་མངོན་ཏེ་ཞུས། སྨན་པ་ཁྲོན་གྱིས། ཟླ་བའི་ལག་གི་ཁུག་མ་ཆུང་ཆུང་ལ་ལྟ་ཙམ་བྱས། ཟླ་བས་ཀྱང་ཁོང་གི་བསམ་ཚུལ་རྟོགས་སོང་བ་ལྟར་ཁུག་མ་ཁོང་གི་ཁ་གཏད་དུ་ཡོད་པའི་ཅོག་ཙེའི་སྟེང་དུ་སྣུར་ཏེ་གློ་ཁུག་ལས་ཁ་བཏགས་དཀར་པོ་རུ་དངུལ་ཐུམ་བཏུམས་ཡོད་པ་ཞིག་སྨན་པ་ཁྲོན་གྱི་ལག་ཏུ་ཕུལ། སྨན་པ་ཁྲོན་གྱིས་གློ་ལུ་ཞིག་བྱས་ཏེ། ཉིན་འདི་དག་རྒྱུ་སྨད་ཀྱི་གཟེར་འཇམ་སྨན་ཁབ་རྒྱབ་ཡོད་ལགས། ཉིན་གཉིས་ཙམ་ལ་ལུས་པོ་ཡག་པོ་གསོས་དང་། དེའི་རྗེས་ནས་བཤའ་བཅོས་བྱ་ཆོག །ཅེས་བབཤད། ཟླ་བས་སྔར་བཞིན་འཛུམ་དམུལ་དམུལ་གྱིས་སྨན་པ་ཁྲོན་གྱི་ངོ་ལ་ལྟ་བ་ལས་ཡིན་མིན་གྱི་སྐད་ཆ་ཚིག་གཅིག་ཀྱང་སྨྲས་མ་སོང་། ལྷ་མོས་ཟླ་བ་ལ། སྨན་པ་ཁྲོན་གྱི་སྐད་ཆའི་ནང་དོན་གོ་ཨེ་ཐལ་ཟེར། ཟླ་བས། མ་གོ་ཐལ་ཞུས། ལྷ་མོས་ཁོང་གིས་ཉིན་གཉིས་ཀྱི་རྗེས་ནས་ཁྱེད་ཀྱི་བུ་བཤའ་བཅོས་བྱ་ཡིན་ཟེར། དོན་དག་གཞན་མེད་ན་ད་འགྲོ་ཟེར། ཟླ་བས་གཉའ་ཁུམ་ཁུམ་གྱིས་སྨན་པ་ཁྲོན་དང་ཕྱི་ཕྱག་ཞུས་ཏེ་ལྷ་མོ་ལ་འོ་ཡ་ཡ། བུ་མོ་དྲིན་ཆེན་མ་ཟེར་ནས་ཕྱིར་སྣུར་བྱས།

ལྔ།
དེ་རིང་ཡང་ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་གྲང་རླུང་འུར་འུར་ལྡང་གིན་འདུག  ཟླ་བ་བཤའ་བཅོས་ཁང་གི་སྒོ་ཁ་ནས་བྱེ་ཚན་ནང་གི་གྲོག་མ་ཇི་བཞིན་སྡོད་བཟོད་མ་བདེ་བར་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ཁ་ནས་སྐྱབས་འགྲོ་གྲངས་མང་འདོན། སྲོག་སྦྱིན་ནི་སྐྱབས་ཀྱི་སྦྱིན་པ་མཆོག་ཡིན་སྟབས་འཇིག་རྟེན་འདི་ལས་དེའི་རེ་བསྒུག་ལས་སེམས་འཚབ་ཆེ་བར་མེད། ཁོས་ཆུ་ཚོད་ཡང་ཡང་བལྟས་ནའང་རང་ཉིད་ཀྱི་མིག་ཤུགས་ཉམས་པའམ། ཡང་ན་ཁྲག་ཤེད་མཐོ་བ་གང་ཞིག་གིས་སྐབས་རེ་ཆུ་ཚོད་འགྲོ་མགྱོགས་པར་སྣང་ཞིང་། མཚམས་རེ་ཆུ་ཚོད་ནི་རང་མལ་དུ་སྡོད་པས་འགྲོ་བཞིན་མེད་པར་འདྲ། དེ་ལྟར་ཤི་གསོན་གཉིས་ཀྱི་བར་གསེང་ནས་ཚེ་སྲོག་གི་སྐྱབས་སྦྱིན་ཞིག་འཚོལ་གྱིན་པའི་ཟླ་བས། བར་ཁྱམས་ནས་ཡར་འགྲོ་མར་འགྲོ་བྱེད་པའི་མི་རིམ་བཞིན་དུ་ཇེ་ཉུང་དུ་སོང་བར་མཐོང་། ཁོས་ནི་མུ་མཐུད་དུ་གློག་སྒྲོན་དཀར་པོ་སྦར་ཡོད་པའི་བར་ཁྱམས་སུ་བསྒུག་ནས་བསྡད། ཁྲོག་ཅེས་སྒོ་ཕྱེས་པའི་སྒྲ་ཞིག་སྒྲོག་བྱུང་། རས་དཀར་པོ་བཀབ་པའི་མལ་ཁྲི་ཞིག་ནད་གཡོག་མ་ཁ་ཤས་ཀྱིས་སྒོ་ལ་དྲུད། སྨན་པ་ཁྲོན་ལགས་ཀྱང་བཤད་ཚོད་མ་ཐིག་པའི་འུ་ཐུག་སྐྱོ་ཉམས་ཞིག་བཏོན་གྱིན་སྒོ་ལ་ཐོན། ཟླ་བ་འདར་སིག་སིག་གིས་རྐུབ་སྟེགས་ལས་ཡར་ལངས་ཤིང་། སྨན་པ་ཁྲོན་གྱི་ལག་པ་གཉིས་བཟུང་སྟེ། བཤའ་བཅོས་ལམ་ལ་སོང་ངམ། ངའི་བུ། ངའི་བུ་ཞེས་ངུ་འབོད་བྱས། ལྷ་མོས། ཨ་ཁུ་ཟླ་བ་ལགས། རྒྱུ་སྨད་ཚང་མ་རུལ་ཚར་འདུག  བཤའ་བཅོས་རྩ་བ་ནས་བྱེད་ཐབས་མི་འདུག  དེའི་མུར་མོའང་བཅོས་མིན་སྡུག་གིས་ཁེངས་པའམ། ལྷད་མེད་པའི་སྙིང་རྗེའི་བརྩེ་བ་དྲག་པོས་མིག་ཆུ་བཏོན་ཏེ་ས་རུ་བསྡད།
ཟླ་བས་རས་དཀར་པོ་ཡར་བཀྱགས་ཏེ་ལུས་དྲོད་ཅུང་ཟད་ཉམས་ཀྱིན་པའི་བེམ་པོ་ཆུང་ཆུང་ལ་རེག་ཙམ་བྱས་རྗེས་དུས་ཡུན་རིང་པོ་ཞིག་ལ་དྲན་མེད་དུ་བརྒྱལ། སྤྱིར་བར་ཁྱམས་དེ་དང་ནད་ཁང་དེ་རུ་ཉི་མས་ཀྱང་གསལ་མི་ཐུབ་པའི་སྨག་རུམ་དགུ་བརྩེགས་ཤིག་འཁྱིལ་འདུག་ལ། དེའི་གསེབ་ཏུ་ལྷ་ཐུགས་རྗེ་ཆེན་པོས་ཀྱང་གསོ་མི་ཐུབ་པའི་མྱ་ངན་དུ་མ་ཞིག་སྐབས་རེ་དལ་གྱིས་འབུས་ཏེ་མཚམས་རེ་རིམ་གྱིས་ཆད་པས་འཇིག་རྟེན་གྱི་བདེན་རྫུན་དང་། མི་ཚེའི་བདེ་སྡུག  ཚེ་སྲོག་གི་སྐྱེ་འཇིགས་ཤིག་ལས་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་མཚམས་ཆད་པར་དཀའ་བའི་ངུ་སྐད་གཉོམ་མོ་ཞིག་དང་སྡེབ་ནས་མི་ཡུལ་ལ་སྒྲ་སྒྲོག་གིན་པར་མཐོང་ངོ་། ། 地址 青海民族大学 <新校区>

               རྩོམ་སྒྲོིག་པ། མྱི་གསར་བ།
                   མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།