བུ་གླང་ཆེན།

    རྩོམ་པ་པོ། རིག་པའི་གད་རྒྱངས།


བུ་གླང་ཆེན།

 
                      རིག་པའི་གད་རྒྱངས། ནག་ཆུ།

གཅིག
གྲོང་ཁྱེར་ལྷ་སའི་ཕྱོགས་བཞིའི་རི་བོ་རྣམས་གངས་དཀར་གྱི་འདབ་མས་ཡོངས་སུ་བཀླུབས་ཤིང་། སྐྱིད་ཆུ་སྔོན་མོ་འཁྱག་རོམ་གྱི་སྦུབས་སུ་གཉིད་ལ་ཡུར། པོ་ཏ་ལའི་རྒྱ་ཕིབས་ཀྱི་སྟེང་དུ་ཉི་འོད་དྲོད་འཇམ་ཞིག་འཕྲོས་ཡོང་དུས། བར་སྐོར་དང་རྩེ་སྐོར་ནང་གི་མི་ཚོགས་ནི་རླུང་གིས་བསྐྱོད་པའི་རྦ་རླབས་དང་འདྲ་བར། གཙུག་ལག་ཁང་དང་པོ་ཏ་ལའི་མཐའ་འཁོར་དུ་ལྷག་ལྷོག་ཏུ་རྒྱུ་ཞིང་ཟང་ཟིང་དུ་གཡོ། མི་ཚོགས་ཀྱི་ཁ་རླངས་དང་བསང་དུད་ལྷན་གཅིག་ཏུ་འདྲེས་ནས་གྲོང་ཁྱེར་ལྷ་སའི་མཁའ་དབྱིངས་སུ་རྒྱུ་ཚུལ་ལ་བལྟས་ན། དད་ལྡན་མང་ཚོགས་རྣམས་ཀྱིས་རེ་འདུན་དང་དད་སེམས་ཡོད་ཚད་དཀོན་མཆོག་ལ་ཡར་ཞུ་དང་མཆོད་པ་འབུལ་བཞིན་པ་དང་ཅི་འདྲའི་མཚུངས་ཨང་།

བར་སྐོར་གྱི་མི་ཚོགས་ཁྲོད་དུ། མདོ་དབུས་ཁམས་གསུམ་ནས་ཡོང་བའི་དད་ལྡན་མང་ཚོགས་ཡོད་ལ། རྒྱལ་ཕྱི་ནང་ནས་ཡོང་བའི་ཡུལ་བསྐོར་བ་དང་ཚོང་བ་སོགས་ཀྱང་ཡོད། དེ་དག་གི་ནང་ནས་མང་ཆེ་བ་ནི་ཇོ་བོ་མཇལ་དུ་ཡོང་མཁན་ཡིན་པས་ཁོང་ཚོས་ཞོགས་པ་སྔ་པོ་ནས་ཡོང་སྟེ་གྲལ་ལྟར་རིང་པོ་བསྒྲིགས་ནས་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་རྒྱུར་སྒུག་ནས་ཡོད། ཁོང་ཚོའི་གྲལ་མགོ་ནི་གཙུག་ལག་ཁང་མདུན་སྒོ་ན་ཡོད་ཅིང་གྲལ་མཇུག་ནི་བྱང་བརྒྱུད་བར་སྐོར་བསྐོར་ལམ་ནས་མ་སྐྱེས་ཨ་མའི་ཟ་ཁང་གི་སྒོ་ཙམ་དུ་སླེབས་སྲིད་ལ། མཚམས་མཚམས་སུ་“བསྐོར་སྣེ་ཕོད"ཅེས་གྲལ་གྱི་སྣེ་མོ་ཡང་གཙུག་ལག་ཁང་གི་མདུན་དུ་སླེབས་པ་སྟེ་བར་སྐོར་བསྐོར་ལམ་ཡོངས་རྫོགས་གྲལ་ལྟར་རིང་པོ་ཞིག་གིས་བསྐོར་ནས་ཡོད་པ་ཡིན་ནོ། གྲལ་ལྟར་རིང་པོ་སྒྲིག་པའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་མི་ཡང་ཤན་འབྱེད་རགས་ཙམ་ཐུབ་ཚོད་འདུག་ཏེ། བོད་ལྭ་གོང་བ་མཐོན་པོ་ཞིག་གྱོན་ནས་སྐེ་རགས་རིང་པོ་རྒྱབ་ལ་འཛེར་ལ། ལྭ་བའི་ཐུ་སྣེ་མར་ལ་ལྷུང་ཞིང་ཕར་བལྟས་ཚོད་དུ་བོད་ལྭ་གྱོན་སྟངས་དེ་ཙམ་གྱིས་གྲལ་འགྲིག་པོ་དང་ཆ་སྙོམས་པོ་མེད་པ་དག་ནི་ཕལ་ཆེར་ཨ་མདོའི་ཡུལ་གྱི་དད་ལྡན་པ་དག་ཡིིན་ལ། མགོ་ལ་གཡུའམ་བྱུ་རུ་རྡོག་པོ་ཆེན་པོ་རེ་རྒྱན་ཞིང་། བོད་ལྭ་ཕུ་ཐུང་མེད་པ་གྱོན་པའི་ལུས་ཤ་ཅུང་ཙམ་འབྱོར་བ་དག་ནི་ཕལ་ཆེར་ཁམས་ཕྱོགས་ཀྱི་བུད་མེད་ཡིན། སྨད་གཡོག་བོད་ལྭ་ཕུ་མེད་ཀྱི་ཐོག་ཏུ་རྒྱ་ཆས་སྟོད་གོས་མཐུག་པོ་རེ་གྱོན་ལ། རྒྱབ་ཏུ་ཁུག་མ་ཆུང་ཆུང་ཁུར་བའི་རྨོ་བོ་དག་ནི་ཕལ་ཆེར་དབུས་གཙང་གི་རྒན་མོ་དག་ཡིན་ངེས། སྐྲ་སེར་མིག་ལྗང་གི་ཕྱི་རྒྱལ་བ་དང་གདོང་མདོག་ཐལ་སྐྱ་ཅན་གྱི་རྒྱ་མི་དག་བལྟས་པ་ཙམ་གྱིས་དབྱེ་བ་འབྱེད་ཐུབ་མོད། མང་ཆེ་བ་ནི་རྒྱ་ཆས་དག་མ་སྤྲས་པའི་བོད་རིགས་ཤ་སྟག་ཡིན་པས་ཕལ་ཆེར་ས་ཕྱོགས་གང་གི་མི་སྣ་ཡིན་མིན་ཚོད་དཔག་བྱེད་དཀའ་ཚོད་འདུག བར་སྐོར་བསྐོར་ལམ་གཡས་གཡོན་གྱི་ཇ་ཁང་ཚོང་ཁང་དག་གིས་སྒོ་མོ་ཆེན་པོར་ཕྱེས་ནས་ཡོད་པ་ནི་མུ་ཏོ་བ་དག་གིས་མདུན་དུ་ཤོག་སྒམ་བཞག་ནས་སློང་མོ་བྱེད་བཞིན་པ་དང་ཁྱད་པར་ཆེན་པོ་མེད་མོད། ཚོང་བ་དག་གི་འཛུམ་མདངས་ལ་བལྟས་ན་ཕལ་ཆེར་མུ་ཏོ་བ་དག་ལས་ཡོང་འབབ་ལེགས་པ་ཡོད་པར་འདུག་ལ་ཡང་རང་ཉིད་མུ་ཏོ་བ་དང་མི་འདྲ་ཞེས་གཞན་ལ་གསལ་འདེབས་བྱེད་བཞིན་པ་དང་འདྲའོ། །

གཙུག་ལག་ཁང་གི་སྐུ་མདུན་དུ་ཕྱག་འཚལ་མཁན་དང་མཎྜལ་འབུལ་མཁན་དག་གིས་ཁེངས་ནས་ཡོད་ལ། ཁོང་ཚོས་གསོལ་འདེབས་ཀྱི་སྒྲ་དང་མ་ཎིའི་འདོན་དབྱངས་ཀྱིས་མི་སེམས་ཀྱི་ཀློང་ན་བག་ལ་ཉལ་བའི་དད་འདུན་ཡོད་ཚད་རྨང་ནས་སློང་བར་བྱེད་ལ། དད་སེམས་རྩ་བ་ནས་མེད་པའི་མི་དག་གི་སེམས་སུ་ཡང་གློ་བུར་བའི་ཚ་རླབས་ཤིག་རྒྱས་སུ་འཇུག་པར་བྱེད། འར་འུར་དང་། ཟང་ཟིང་། ལང་ལོང་གི་ཁྲོད་དུ་དལ་ཁོམ་མེད་པར་འདུར་རྒྱུགས་བྱེད་བཞིན་པ་དག་ནི་ལག་ཏུ་ཁ་བཏགས་དང་མཆོད་མར། བསང་ཤུག་སོགས་ཚོང་རྫས་སྟབས་བདེ་རེ་འཛིན་ཞིང་། མིའི་མཇུག་ཏུ་རྒྱུགས་ཏེ་ཁ་ཡག་ངོ་དགའ་བཤད་ནས་རང་ཉིད་ཀྱི་ཚོང་རྫས་བྲིན་ཐབས་བྱེད་མཁན་གྱི་ཚོང་བ་དག་ཡིན། ཁོང་ཚོས་དད་ལྡན་པ་རྣམས་ཇོ་མཇལ་འགྲོ་བའི་གོ་སྐབས་དང་བསྟུན་ནས་ཇོ་བོའི་སྐུ་མདུན་དུ་འབུལ་རྒྱུའི་ཁ་བཏགས་དང་མཆོད་མར་སོགས་ཉེར་མཁོའི་ཅ་ལག་རྣམས་གོང་ཚད་མཐོན་པོས་བཙོང་བར་བྱེད། གལ་ཏེ་མ་ཉོས་ན་ལམ་ཁ་བཀག་ནས་ཁ་འཇམ་པོ་དང་ཚིག་སྙན་པོས་བསླུ་ཐབས་བྱེད་ལ་ད་དུང་མ་ཉོས་པར་གདོང་མདོག་ནག་པོར་བསྟེན་ན་རྣ་བར་མི་སྙན་པའི་སྐད་ཆ་སྣ་ཚོགས་ཀྱང་སྨྲ་བ་ཡིན། བུ་གླང་ཆེན་ཡང་ཟླ་གཅིག་གི་གོང་དུ་ཁོང་ཚོས་གྲས་སུ་ཚུད་པ་ཡིན་ལ། ཐོག་མར་གཞན་དག་དང་སྡུར་ན་ཁ་མཁས་ཚིག་སྙན་གྱིས་གཞན་བསླུ་བར་མི་ནུས་པས་ཡོང་འབབ་སྐྱོ་ཙམ་ཡོད་མོད། ད་ལྟ་ནི་ཡོངས་སུ་གོམས་ལོབས་སུ་གྱུར་ཟིན་པས་ཚོང་བ་དག་གི་ནང་ནས་ཡོང་འབབ་ལེགས་གྲས་ཀྱི་ཁོངས་སུ་གཏོགས་པ་ཡིན། །
 
གཉིས།
བུ་གླང་ཆེན་ནི་གྲོང་མི་རྣམས་ཀྱིས་བཏགས་པའི་མཚང་མིང་ཡིན་ལ། མིང་དངོས་སུ་དགྲ་འདུལ་ཞེས་འབོད་མོད་ད་ལྟ་དེ་ལྟར་དུ་འབོད་མཁན་ནི་ཉུང་ཉུང་ཡིན། ཁོ་པར་ནོར་ནག་གི་རྩིད་པ་དང་འདྲ་བའི་སྐྲ་ལོ་མཐུག་པོ་ཞིག་ཡོད་པ་དེ་ཕར་བལྟས་ཚོད་དུ་ཟླ་བ་མང་པོར་མ་བཀྲུས་པའི་ཚོར་སྣང་སྟེར་བར་བྱེད་ལ། གནག་ཅིང་སྣུམ་པའི་ངོ་གདོང་གི་སྟེང་དུ་ཆེས་འབུར་དུ་ཐོན་པ་ནི་དེའུ་འབུར་དང་འདྲ་བའི་སྣ་དེ་ཡིན། སྣ་རྡོག་ཆེན་པོ་དེའི་འོག་གི་ཁ་ནི་དེའུ་འབུར་འགྲམ་དུ་འཁྱིལ་བའི་ཆུ་མགོ་ཆུང་ཆུང་ཞིག་དང་འདྲ་ལ། ཁ་ནང་གི་སོ་ནི་མུ་ཏིག་སྟར་ལ་བརྒྱུས་པར་ལྟར་དཀར་ཞིང་གྲལ་འགྲིག་པས་ཁོ་པའི་མཛེས་རྒྱན་ཉག་གཅིག་ཡིན། ནམ་རྒྱུན་གྲོང་མི་སུ་དང་འཕྲད་ཀྱང་ཁོ་པས་སོ་དཀར་གྱི་འཛུམ་ཆུང་སྟོན་པར་བྱེད་ལ། ཐ་ན་གཞན་གྱིས་མཐོང་ཆུང་དང་འཕྱ་དམོད་བྱས་དུས་ཀྱང་སོ་དཀར་གྱི་འཛུམ་ཆུང་སྟོན་པ་ཡིན། ཁོ་པར་བུ་གླང་ཆེན་ཞེས་པའི་མིང་ཐོགས་དོན་གཙོ་བོ་ནི་གཟུགས་སྟོབས་ཆེན་པོ་ཡོད་པས་ཡིན་ངེས་ལ། ད་དུང་མགོ་ཆེན་པོ། ངོ་ཆེན་པོ། སྣ་ཆེན་པོ་སོགས་མདོར་ན་ལུས་ཀྱི་ཡན་ལག་མང་དག་ཅིག་ཆེན་པོ་ཡོད་པས་ཀྱང་ཡིན་ངེས།

བུ་གླང་ཆེན་ཆུང་དུས་ནས་ཕ་མ་གཉིས་ཀྱི་བུ་ཕྲུག་གཅིག་པུ་དེ་ཡིན་པས་དབང་པོ་སྐྱོན་ཆེན་ཡིན་ལུགས་བཤད་ནས། གོང་རིམ་ལ་མགོ་བསྐོར་བཏང་སྟེ་སློབ་གྲྭར་མ་སྐྱེལ་བར་ཁྱིམ་དུ་ཕྱུགས་རྫིར་ཉར། དེར་བརྟེན་ཁོ་པའི་ཡིག་རྨོངས་ཀྱི་ཞྭ་མོ་རྨང་ནས་དོར་ཐུབ་མེད་པས“ཀ"ཡིག་ཁོ་པའི་མགོ་ལས་ཆེ་བ་ཞིག་མདུན་དུ་བསྟན་ནས་འདི་ཅི་རེད་ཅེས་སྐད་ཆ་དྲིས་ན་བོང་བུ་རེད་ཟེར་ནས་ལན་མི་འདེབས་པའི་ངེས་པ་གཏན་ནས་མེད། ཐེངས་ཤིག་ཤང་དང་གྲོང་ཚོས་གྲོང་མི་རྣམས་ལ་ཏང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞི"གང་ཡིན་གྲངས་འདྲེན་བྱེད་བཅུག་ནས་བློ་ལ་འཛིན་དགོས་པའི་གཏན་འབེབས་བྱས་རྗེས། མང་ཚོགས་ཀྱི་ཁྲོད་དུ་ངག་སྐྱོར་གཏོང་དུ་བཅུག་པར། བུ་གླང་ཆེན་གྱིས“སྣང་ཆེན་བཞི་ནི། ཨ་ཕ། ཨ་མ། ང་རང་། ་་་་་ དགའ་ཞེན་བཞི་ནི་ཏང་། ཀྲུང་གོ ཞིའི་ཅིན་ཕིང་། ་་་་་ "ཞེས་དགོད་བྲོ་བའི་ལན་ཞིག་བརྒྱབ་པར་འབྲེལ་ཡོད་དབུ་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ལ་བློ་དཀར་གཞུང་དྲང་མིན་པའི་ཉེས་མིང་སྦྱར་ནས་སྐྱོན་བརྗོད་དྲགས་པོ་བྱས། ཡང་ཉིན་གཅིག་གྲོང་ཚོའི་འགོ་ཁྲིད་རྣམས་ཕྱུགས་ཟོག་ཁ་གྲངས་ལེན་དུ་ཡོང་ནས་བུ་གླང་ཆེན་ལ་ནོར་ག་ཚོད་ཡོད། ལུག་ག་ཚོད་ཡོད་ཅེས་དྲིས་པར་བུ་གླང་ཆེན་གྱིས། རང་གི་ལག་པའི་མཛུབ་མོར་ལྟ་བཞིན་ཡང་བསྐྱར་ས་ལ་ཙོག་ནས་ལྷམ་ཕུད་དེ་རྐང་པའི་མཛུབ་མོར་རེག་བཞིན་གྲངས་ཀ་བརྩི་བར་བརྩམ་པས་འགོ་ཁྲིད་ཡོངས་རྫོགས་གད་མོ་རང་དབང་མེད་པར་ཤོར། བུ་གླང་ཆེན་གྱིས་མཛུབ་མོར་བསྟེན་ནས་རྩིས་རྒྱག་སྲོལ་ནི་གྲོང་པའི་མི་རྒན་ཞིག་གིས་ཁོ་པར་བསླབས་པ་ཡིན་ཞིང་། དེ་ནས་བཟུང་ཁོ་པར་གྲངས་འདྲེན་བྱ་རྒྱུ་དང་རྩིས་རྒྱག་བྱ་རྒྱུའི་རིགས་དང་འཕྲད་ཚེ་མྱུར་དུ་ནག་ལ་སྦོམ་པའི་མཛུབ་མོར་བརྟེན་ནས་རྩི་བ་ཡིན།
བུ་གླང་ཆེན་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ་བསླེབས་པའི་ཤང་གི་རྟ་རྒྱུགས་དུས་ཆེན་སྐབས། ཁོ་པ་ཡང་ཁ་ངོ་གཙང་མར་བཀྲུས་ཤིང་བོད་ལྭ་གསར་པ་ཞིག་གྱོན་ནས་རྟ་རྒྱུགས་དུས་ཆེན་ལ་ཕྱིན། མི་ཚོགས་ཀྱི་ཁྲོད་དུ་བུ་གླང་ཆེན་ནི་ཤིང་སྡོང་ཆེན་པོ་ཞིག་བཙུགས་པ་ལྟར་གཞན་ལས་མཐོན་པོར་བུད་ཡོད་པས། ཁོ་པའི་སེམས་སུ་སྐྱིད་སྡུག་གི་སེམས་ཚོར་འདྲེས་མ་ཞིག་བྱུང་། ཁོ་པའི་གཟུགས་སྟོབས་ཆེ་དྲགས་པའི་རྐྱེན་གྱིས་གཡས་གཡོན་གྱི་མི་ཚང་མས་རང་ཉིད་ལ་ཅེར་སྡད་པའི་སྣང་བ་བྱུང་། རང་ཉིད་ལ་གཞན་གྱི་མིག་དབང་འཕྲོག་པའི་གནས་ཤིག་ཡོད་དམ་སྙམ་ནས་དགའ་པོ་བྱུང་ལ། ཡང་མཚམས་མཚམས་སུ་དོགས་མི་བདེ་བའི་ཚོར་བ་ཞིག་ཀྱང་བྱུང་། གང་ལྟར་བུ་གླང་ཆེན་མི་ཚོགས་ཀྱིས་རང་ཉིད་བལྟས་བསྡད་པའི་སྣང་བ་ཁོ་ནས་རྐྱེན་གྱིས་ཉིན་གང་བོར་ཡར་འགྲོ་མར་འགྲོ་ཁོ་ན་བྱས་ནས་སྡད་ཅིང་། ལྷག་པར་དུ་བུ་མོ་དག་གི་མདུན་དུ་སླེབས་དུས། ཁོ་པས་མགོ་བོ་མཐོན་པོར་བཏེགས་ནས་རྐང་པ་ས་རུ་དྲུད་ཀྱིན་ཉམས་སྣང་ཆེན་པོའི་འགྲོ་བར་བྱེད་ལ། གལ་ཏེ་བུ་མོ་དེ་དག་གི་སྣང་བ་གཞན་ལ་གཡེང་ཡོད་ན་གློ་ལུ་བའི་ཚུལ་གྱིས་གྲེ་གསང་བྱེད་ཞོར་ཕ་རོལ་པོའི་མིག་ཟུང་རང་གི་སྟེང་དུ་འདྲེན་ཐབས་བྱེད། བུ་མོ་དེ་དག་གི་མིག་ཟུང་འདྲེན་ཐུབ་ཚེ། སྔར་ནས་ཡོད་མ་མྱོང་བའི་ཚོར་བ་ཞིག་གིས་ལུས་སེམས་ཡོངས་རྫོགས་གྲོད་ཁོལ་རྒྱས་ཡོང་ལ། རྔུལ་ཆུ་རྡོག་པོ་རེ་ཡང་རང་དབང་མེད་པར་ཐིགས་ཡོང་བས་ཁོ་པ་རེ་ཞིག་མི་ཚོགས་དང་བྲལ་ནས་ལུས་ཀྱི་ཚ་གྲོད་དང་སེམས་ཀྱི་འཕར་ཚད་འཇགས་ཐབས་མི་བྱེད་དཀའ་མེད་བྱུང་། ཁོ་པ་མི་ཚོགས་དང་ཐག་ཉེ་བའི་ཐང་དཀྱིལ་ཞིག་ཏུ་སོང་ནས་བསྡད་དུས་ཉི་མ་ལ་ལ་བཞུད་ཟིན་པས། དགོང་མོའི་མཚམས་སྤྲིན་དམར་པོ་ཞིག་གིས་མཐའ་བསྐོར་གྱི་རི་ཚོགས་ལ་དམར་མདངས་བྱུགས། མི་ཚོགས་དང་སྦྲ་གུར་ནི་རྩྭ་ཐང་གི་དགོང་ཁའི་ཆེས་མཐའ་མཇུག་གི་གསོལ་ཚིགས་དང་འདྲ་ལ། མི་ཚོགས་ཀྱི་འུར་ཟིང་ནི་མུན་ནག་གི་ཁ་གཏད་དུ་ལངས་པའི་དཔའ་བོ་ཞིག་དང་འདྲ་བར་སྐད་གསང་མཐོན་པོས་དུས་ཚོད་ཀྱི་ཐག་སྣེར་འཐམས་ནས་ཡོང་བའི་མུན་ནག་ལ་ངོ་རྒོལ་བྱེད་བཞིན་འདུག བུ་གླང་ཆེན་གྱི་སེམས་སུ་སྔར་ལ་ཡོད་མ་མྱོང་བའི་ཚོར་བ་ཞིག་གིས་མེ་འབར་བ་ལྟ་བུའི་ཚ་རླབས་འཕྱུར་བཞིན་ཡོད་ལ། སླར་ཡང་མི་ཚོགས་ཀྱི་ཁྲོད་དུ་སོང་ནས་ཚོར་བ་ཡ་མཚན་པ་དེ་མྱོང་བར་འདོད། ཁོ་པ་མི་ཚོགས་ཀྱི་ཁྲོད་དུ་གོམ་ཁ་བསྒྱུར་དུས། སྤོབས་པ་དང་དགའ་ཚོར་གྱིས་གོམ་པའི་གདེང་འཇོག་བསྒྱུར་བས་གོམ་ཁ་སྔར་ལས་ཡངས་པའི་ཚོར་བ་བྱུང་།
“བུ་གླང་ཆེན།"རྒྱབ་ཕྱོགས་ནས་མི་ཞིག་གིས་བོས་བྱུང་། ཁོ་པས་ཁ་སྐོར་ནས་བལྟས་དུས་འབོད་མཁན་ནི་གྲོང་པའི་བུ་བཀྲ་རྒྱམ་རེད། བཀྲ་རྒྱམ་དང་བུ་གླང་ཆེན་གཉིས་ནི་ན་མཉམ་ཡིན་ལ་ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བ་ཡིན།
“བཀྲ་རྒྱམ་་་"བུ་གླང་ཆེན་ཅི་བཤད་འདི་བཤད་མེད་པས་དེ་ལྟར་བཤད།
“གང་དུ་སོང་བ་ཡིན། ངས་ཁྱོད་ཡུན་རིང་བཙལ་བ་ཡིན།"
“གང་ཡང་ཕྱིན་མེད། ང་བཙལ་ནས་དོན་དག་ཅི་ཡོད།"
“དོ་དགོང་ཁྱི་རྡུང་ཨེ་འགྲོ། བུ་མོ་མཛེས་མ་གཉིས་འདུག ངས་ཁ་ཆད་བྱས་ཡོད།"ཅེས་བཀྲ་རྒྱམ་གྱིས་ངོ་གདོང་འཛུམ་གྱིས་གང་བཞིན་སྨྲས། བུ་གླང་ཆེན་གྱིས་“ཁྱི་རྡུང་"ཞེས་པའི་ནང་དོན་གང་ཡིན་ཧ་གོ་མོད། རང་ཉིད་དངོས་སུ་“ཁྱི་རྡུང་"ལ་འགྲོ་མ་མྱོང་ལ་སྔར་ནས་འགྲོ་འདོད་ཀྱི་འདུན་པ་ཆེན་པོ་ཡོད་པས། དེ་རིང་འདོད་ཐོག་ཏུ་རྟ་རྒྱུགས་སོང་སྙམ་ནས།
“བུ་མོ་སུ་རེད། མཛེས་པོ་འདུག་གམ།"ཞེས་དྲིས་པར།
བཀྲ་རྒྱམ་གྱིས“བུ་གླང་ཆེན་ལ་འཇོན་ཐང་ཡོད་ན་བུ་མོ་ནམ་མཁའི་ལྷ་མོ་འདྲ་ཞིག་འདུག"ཅེས་གད་མོ་ཆེན་པོ་དགོད་བཞིན་སྨྲས་པར། བུ་གླང་ཆེན་སེམས་ཀྱི་ཚ་རླབས་སླར་ཡང་རྒྱས་ཤིང་འགོག་མེད་ཀྱི་འདུན་པ་དྲགས་པོ་ཞིག་གིས་གཡོ་ཞིང་སྐྱོམས་པར་བྱེད། སྐབས་རེ་“ཁྱི་རྡུང་"སོང་དུས་ཇི་ལྟར་བྱེད་དགོས་མིན་སྐོར་སེམས་ཁྲལ་ལངས་ལ། སྐབས་རེ་ཡང“ཁྱི་རྡུང་"སོང་ནས་སྔར་བྱུང་མ་མྱོང་བའི་ཚོར་བ་བྱུང་ངེས་སྙམ་ནས་དགའ་སྤྲོ་སྐྱེས། འབྲོག་ཁུལ་དུ“ཁྱི་རྡུང་"ཟེར་ན་ཕོ་ཉུལ་ལམ་བུ་རྣམས་མཚན་མོ་བུ་མོའི་སར་འགྲོ་བའི་ལུགས་སྲོལ་དེར་ཟེར་བ་ཡིན་ལ། དེ་ནི་མི་ཉལ་ཁྱི་ཉལ་བྱས་ཚར་རྗེས་ད་གཟོད་ལྐོག་ལྐོག་སུད་སུད་དུ་འགྲོ་དགོས་པས། བུ་གླང་ཆེན་གྱིས་མི་ཚོགས་དང་འུར་ཟིང་ཡོད་ཚད་མྱུར་དུ་མུན་ནག་གིས་ཁྱུར་མིད་དུ་བཏང་ན་སྙམ་པའི་ངང་སྒུག་གི་འདུན་པ་འགོག་མ་ཐུབ་པར། ཡར་འགྲོ་མར་འགྲོ་ཁོ་ན་བྱས་ནས་དུས་ཚོད་ཕུད་ཐབས་བྱས། སྒུག་སྒུག་མཐར་ད་གཟོད་མི་ཚོགས་ཀྱི་འུར་ཟིང་ཡོངས་སུ་འཇགས་ཤིང་སྐབས་སྐབས་སུ་རླུང་བུ་ལྡོམ་པོ་འགའ་ལྡང་ཡོང་བ་ལས་འཇམ་ཐིང་ངེར་འདུག བཀྲ་རྒྱམ་གྱིས་བུ་གླང་ཆེན་ཁྲིད་ནས་བུ་མོ་དེ་གཉིས་ཉལ་སའི་གུར་ནང་དུ་སོང་། གུར་སྒོར་སླེབས་དུས་བཀྲ་རྒྱམ་གྱིས“གུར་འདི་རེད། ནང་དུ་བུ་མོ་གཉིས་ཉལ་ཡོད། གཡས་ཕྱོགས་སུ་ཉལ་བ་དེར་ཁྱོད་སོང་། གཡོན་ཕྱོགས་དེར་ངས་འགྲོ"ཞེས་ཤབ་ཤུབ་ཏུ་དམག་བཀོད་བྱེད་པ་ལྟར་སྨྲས་པར། བུ་གླང་ཆེན་གྱི་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་ཕྱིན་ཞིང་རྐང་ལག་ཡོད་ཚད་ཡངས་ཡེར་ཡེར་དུ་གྱུར་ལ། སྐད་ཆ་ཡང་བཤད་མི་ཐུབ་པར་འདར་ཡོམ་ཡོམ་བྱས་ནས་སྡད། བཀྲ་རྒྱམ་གྱིས་ཁོ་པའི་རྣམ་འགྱུར་མཐོང་རྗེས་གད་མོ་དགོད་བཞིན“སྐྲག་དགོས་པ་མ་རེད། བུ་མོའི་རུམ་དུ་འགྲོ་མ་ནུས་ན་བུ་མ་རེད"ཅེས་བཤད་ནས་ཁོ་པའི་ལག་པ་ནས་བཟུང་སྟེ་གུར་ནང་དུ་འཛུལ།
རྟ་རྒྱུགས་དུས་ཆེན་མཇུག་སྒྲིལ་རྗེས་བུ་གླང་ཆེན་དང་བུ་མོ་དེའི་འབྲེལ་བ་ཡོད་ཚད། གལ་ཆེན་གྱི་གསར་འགྱུར་ཞིག་ལྟར་གང་སར་ཁྱབ་བཞིན་འདུག་ལ། ཁྱིམ་ཚང་གཉིས་ཀྱིས་ཀྱང་བུ་ཕྲུག་གི་འདོད་ཐོག་ལྟར་བཞག་སྟེ། ཉིན་ཤས་རྗེས་སུ་གཉེན་སྟོན་སྟབས་བདེ་ཞིག་བྱས་ནས་བུ་མོ་དེ་བུ་གླང་ཆེན་གྱི་མནའ་མར་བླངས།

 
གསུམ།
བུ་གླང་ཆེན་གྱི་མནའ་མའི་མིང་ལ་ཚེ་སྒྲོལ་ཟེར་ཞིང་ཁོ་པ་ལས་ལོ་གཅིག་གི་ཆེ་བ་ཡོད། ཁོ་མོ་ཡང་འབྲོག་མོ་དཀྱུས་མ་ཞིག་ཡིན་པས་ཤ་མདོག་དེ་ཙམ་གྱི་དཀར་པོ་མེད་ལ། གྱོན་གོས་གྱོན་ལུགས་ཀྱང་དེ་ཙམ་གྱི་མིག་ལ་རན་པོ་ཞིག་མེད། ད་དུང་ཁོ་མོ་ནམ་རྒྱུན་གྲོང་པ་ཁྱིམ་མཚེས་དང་ཐ་ན་གྲོང་ཚོ་ཡོངས་རྫོགས་ཀྱི་དོན་དག་ཙག་ཙིག་ལབ་རྒྱུ་གླེང་རྒྱུར་དགའ་ཞིང་། གང་ས་གང་དུ་དགོས་མ་དགོས་ཐམས་ཅད་ལ་ཇུས་གཏོགས་བྱེད་རྒྱུར་དགའ་པས་གྲོང་མི་རྣམས་ཀྱིས་ཁོ་མོར“ཇུས་གཏོགས་མགོ་རིལ"ཞེས་འབོད། ཇུས་གཏོགས་མགོ་རིལ་ཁོང་ཚང་ལ་མནའ་མ་བསླེབས་པ་ནས་བཟུང་ཁྱིམ་ཚང་དེ་ཡང་སྔོན་ཆད་མི་ལོ་ཁ་ཤས་གོང་ལྟར་ཚ་སོབ་སོབ་ཀྱི་སྣང་བས་ཁྱབ། མ་མཐར་ཡང་བུ་གླང་ཆེན་ཨ་ཕའི་སེམས་སུ་དེ་ལྟར་བསམ་བཞིན་ཡོད། རེད་ཡ། ལོ་ཤས་ཀྱི་གོང་དུ་བུ་གླང་ཆེན་གྱི་ཨ་མ་ནད་ངན་ཞིག་གི་རྐྱེན་གྱིས་ཁོང་ཚོ་དང་གཏན་དུ་བྲལ་བ་ནས་བཟུང་། ཁྱིམ་ཚང་དེ་ཉིད་འཁྱག་སྟོང་སྟོང་གི་སྣང་བས་ཡོངས་སུ་ཁྱབ། བུ་གླང་ཆེན་ནི་ཉིན་མོར་ཕྱུགས་རྫི་ལ་འགྲོ་དགོས་ཤིང་ཨ་ཕ་ནི་རང་ཉིད་གཅིག་པུ་ཁྱིམ་ལ་འདུག་འདོད་མེད་པས་གང་ས་གང་དུ་འཁྱམས་ནས་ཆང་རག་ཁོ་ན་འཐུང་ནས་བསྡད་པས། དགོང་མོ་བུ་གླང་ཆེན་ཁྱིམ་དུ་སླེབས་དུས་ཇ་ཚ་པོ་ཕོར་པ་གང་ཡང་ལྡུད་མཁན་མེད་ལ་ཐ་ན་ཨ་ཕས་ར་བཟི་བྱས་ནས་དོན་མེད་ཀྱི་རྙོག་གྲ་མང་པོ་ཡང་སློང་བར་བྱེད། ཇུས་གཏོགས་མགོ་རིལ་ཁོང་ཚང་ལ་མནའ་མ་བསླེབས་པ་ནས་བཟུང་། བུ་གླང་ཆེན་གྱི་ཨ་ཕ་ཉིན་མོ་གཞན་དུ་མི་འཁྱམ་པར་ཁྱིམ་དུ་སྡོད་ཚུགས་ཐུབ་ཏུ་སླེབས་ཤིང་ཆང་རག་ཀྱང་འཐུང་ཇེ་ཉུང་དུ་ཕྱིན། གྲོང་མི་འགས་ཟེར་ན་བུ་གླང་ཆེན་གྱི་ཨ་ཕའི་དབང་ཆ་ཡོངས་རྫོགས་ཇུས་གཏོགས་མགོ་རིལ་གྱི་ལག་ཏུ་ཤོར་ཟིན་པས་ད་ལྟ་ཕྱི་ལ་འཁྱམ་མི་ཕོད་ལ་ཆང་རག་ཀྱང་འཐུང་མི་ནུས་ཟེར། ཡང་གྲོང་མི་ཁ་ཤས་ཀྱིས་ཟེར་ན་ཇུས་གཏོགས་མགོ་རིལ་ནི་ཉིན་མོ་ཨ་ཕའི་མནའ་མ་དང་དགོང་མོ་བུའི་མནའ་མ་ཡིན་ཞེས་བུ་གླང་ཆེན་གྱི་ཨ་ཕ་དང་ཇུས་གཏོགས་མགོ་རིལ་བར་ལ་ཚུལ་མིན་གྱི་འབྲེལ་བ་ཡོད་ལུགས་ཟེར། གང་ལྟར་ཇུས་གཏོགས་མགོ་རིལ་ནི་གྲོང་ཚོ་དེའི་རྒན་མགོ་དཀར་ནས་གཞོན་སོ་དཀར་བར་གྱི་ལབ་རྒྱུ་གླེང་རྒྱུ་གཙོ་བོར་གྱུར། གྲོང་མི་ཚོའི་ལབ་ཕྱོགས་གླེང་ཕྱོགས་དང་བསྟུན་ནས་མི་རིང་བར་བུ་གླང་ཆེན་གྱིས་ཀྱང་གོང་གི་ལབ་གླེང་དེ་དག་ཐོས། འོན་ཀྱང་ཁོ་པས་དེ་དག་ལ་ཡིད་ཆེས་གཏན་ནས་མེད་པར་གྲོང་མི་ཚོ་ལ་འཁང་ར་དང་སྡིགས་མོ་འཕེན་པར་བྱེད། ཉིན་ཞག་མང་པོའི་རྗེས་སུ་བུ་གླང་ཆེན་གྱི་ཨ་ཕ་དང་ཇུས་གཏོགས་མགོ་རིལ་གཉིས་ཉིན་དཀར་ལ་ཁྱིམ་དུ་ཉལ་ནས་ཚུལ་མིན་གྱི་བྱ་བ་བྱེད་བཞིན་པ་གྲོང་མི་ཞིག་གིས་མིག་མཐོང་ལག་ཟིན་བྱུང་ཞེས་གང་ས་གང་དུ་ས་བཤད་རྡོ་བཤད་བྱེད་བཞིན་ཡོད་པས། བུ་གླང་ཆེན་གྱི་སེམས་སུ་ཡང་དོགས་པ་སྐྱེ་འགོ་ཚུགས། ཉིན་དེར་ཁོ་རང་སྔར་རྒྱུན་བཞིན་ཞོགས་པ་སྔ་པོ་ནས་ལུག་རྫི་ལ་ཕྱིན། དེ་ནི་ནམ་ཟླ་དཔྱིད་ཀ་ཞིག་ཡིན་པས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་ཚད་གསོན་ཤུགས་རྒྱས་བཞིན་འདུག་མོད་བུ་གླང་ཆེན་གྱི་སེམས་སུ་ལྗིད་ཏིག་ཏིག་གི་སྣང་བས་ཁྱབ་ནས་གསོན་ཤུགས་གཏན་ནས་བྲལ། ཁོ་པའི་སེམས་སུ་གལ་ཏེ་གྲོང་མི་རྣམས་ཀྱིས་བཤད་པ་ལྟར་ཨ་ཕ་དང་ཇུས་གཏོགས་མགོ་རིལ་བར་ལ་དངོས་གནས་ཚུལ་མིན་གྱི་འབྲེལ་བ་ཡོད་ན་རང་གིས་ཇི་ལྟར་བྱེད་དགོས་སྙམ། སྔར་བཞིན་མ་ཤེས་ཁུལ་གྱིས་འཚོ་བ་མཉམ་དུ་སྐྱེལ་ལམ་ཡང་ན་ཨ་ཕའི་ལག་ནས་རང་གི་མནའ་མ་ཚུར་འཕྲོག་ནས་རང་ཉིད་གཅིག་པུ་ལ་དབང་བར་བྱེད། ཡང་ན་ཨ་ཕ་དང་མནའ་མ་བསྐྱུར་ནས་རང་ཉིད་གཅིག་པུ་ཡུལ་གཞན་ལ་འགྲོ། ཁོ་པས་དེ་ལྟར་བསམ་བློ་སྣ་ཚོགས་བསྐོར་ཞོར་མིག་ཟུང་གི་མདའ་མོ་ཁྱིམ་གྱི་ཕྱོགས་སུ་འཕངས་ནས་རྒྱང་བལྟ་བྱས་པར། རང་ཁྱིམ་གྱི་ཁང་ཀླད་དུ་མེ་བཏང་པའི་དུ་བ་མཐོང་རྒྱུ་མེད་པར་དུ་ཁུང་ནག་ཧྲེང་ངེར་འདུག་ལ། སྒོ་འགྲམ་དུ་ཡང་མི་ཡར་འཛུལ་མར་དོང་བྱེད་པའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད། སྐབས་དེར་ཁོ་པའི་སེམས་སུ་ཁྱིམ་གྱི་ཕྱོགས་སུ་གྲགས་འགུལ་མེད་ལུགས་ལ་བལྟས་ན་ཨ་ཕ་དང་ཇུས་གཏོགས་མགོ་རིལ་གཉིས་གྲོང་མི་རྣམས་ཀྱིས་བཤད་པ་ལྟར་གཅིག་གིས་གཅིག་ལ་འཐམ་ནས་ཉལ་སྡད་ཡོད་དམ་སྙམ། ཡང་ཁོ་གཉིས་ནམ་རྒྱུན་ཨ་ཕ་ཉལ་སའི་ཉལ་ཁྲིའི་ཐོག་ཏུ་ཉལ་ཡོད་དམ་ཡང་ན་རང་དང་ཇུས་གཏོགས་མགོ་རིལ་ཉལ་སའི་ཉལ་ཁྲིའི་ཐོག་ཏུ་ཉལ་ཡོད་སྙམ། ཡང་ཇུས་གཏོགས་མགོ་རིལ་གྱིས་ནམ་རྒྱུན་རང་ཉིད་ལ་ཤི་འཐམ་རོ་འཐམ་བྱེད་པ་ལྟར་ཨ་ཕ་ལ་ཡང་དེ་ལྟར་བྱེད་བཞིན་ཡོད་དམ་སྙམ། དེ་ལྟར་བསམ་བློ་གང་བྱུང་སྐོར་བཞིན་ཁོ་པས་ཨ་ཕ་ལ་སྡང་སེམས་སྐྱེས། ཇུས་གཏོགས་མགོ་རིལ་ལ་དེ་བས་སྡང་སེམས་རབ་ཏུ་སྐྱེས་ནས་སྐད་ཅིག་ཉིད་དུ་ཁྱིམ་དུ་ཕྱིན་ནས་ཁོ་གཉིས་ཀྱི་ཚུལ་ངན་དམར་རྗེན་དུ་འདོན་དགོས་སྙམ་ནས་ཁ་ཕོ་ཁ་ནས་ལངས། ཞེ་ཕོ་གཏིང་ནས་འཁྲུག་ཏེ་གོམ་སྟབས་ཆེན་པོས་ཁྱིམ་གྱི་ཕྱོགས་ཕར་ཙམ་ཕྱིན། གློ་བུར་དུ་ཁྱིམ་གྱི་ཁད་ཀླད་ཀྱི་དུ་ཁུང་ནང་ནས་དུ་བ་སྔོ་ལྷོག་ལྷོག་མིའི་ཁ་རླངས་ཙམ་ཞིག་ལངས་ཡོང་བས། ཁོ་པ་རེ་ཞིག་འགྲོ་མཚམས་བཞག་ནས་ཀེར་རེར་ལངས། འཁྱུག་ཙམ་སོང་རྗེས་ཁྱིམ་ནས་མི་ཞིག་ཕྱི་ལ་བུད་ནས་གཅིན་པ་བཏང་སྟེ་ཡར་ལོག་སོང་བས། བུ་གླང་ཆེན་གྱི་སེམས་སུ་ཡོད་ཚད་འགྲེལ་བཤད་བྱེད་དཀའ་བར་གྱུར། ཨ་ཕ་དང་ཇུས་གཏོགས་མགོ་རིལ་གཉིས་ཡིད་ཚིམ་པ་ཞིག་ཉལ་ཚར་རྗེས་ཇུས་གཏོགས་མགོ་རིལ་གྱིས་མེ་བཏང་ནས་ཟ་མ་བཟོ་འགོ་བརྩམ་པ་དང་ཨ་ཕས་ཕྱི་ལ་ཡོང་ནས་གཅིན་པ་བཏང་བ་ཡིན་ནམ་སྙམ། ཡང་མིན་ན་ཡོད་ཚད་རང་ཉིད་ཀྱི་བསམ་བློ་མ་རུང་བ་བཏང་བ་ཙམ་ལས་དོན་དངོས་ཐོག་དེ་དག་རྫུན་གཏམ་ཁོ་ན་ཡིན་ནམ་སྙམ། དེ་ལྟར་བུ་གླང་ཆེན་མུ་མཐུད་ཁྱིམ་ལ་འགྲོ་བའི་སྤོབས་པ་མེད་ལ་མུ་མཐུད་གང་བྱུང་བསམ་བློ་སྐོར་བའི་འདུན་པ་ཡང་ཆད་ནས་རེ་ཞིག་ཅི་བྱེད་འདི་བྱེད་མེད་པར་ཧད་ནས་ལུས། ཉིན་གང་པོར་བུ་གླང་ཆེན་ཇ་བསྐོལ་ནས་ཟ་མ་ཟ་བའི་འདུན་པ་ཡང་མེད་པར་ལུས་ཤིང་ཉི་མ་ལ་ལ་བཞུད་ཁར་ལུག་རྣམས་དེད་ནས་ཁྱིམ་གྱི་ཕྱོགས་སུ་ཕྱིན། སྐབས་དེར་ཁོ་པའི་སེམས་སུ་རླབས་ཆེ་བའི་འཆར་གཞི་ཞིག་ཡོད་དེ། གལ་སྲིད་དོ་ནུབ་ཇུས་གཏོགས་མགོ་རིལ་གྱིས་ཨ་ཕ་དང་ཁོ་གཉིས་བར་ལ་ཚུལ་མིན་གནས་ཚུལ་ཡོད་ལུགས་ཁས་བླངས་ན་ཁོ་པས་ཁ་ངན་ཚིག་ངན་དང་། རྣམ་འགྱུར་ངན་པ་གང་ཡང་མ་བསྟན་པར་སང་ཉིན་ནས་རང་ཉིད་གཅིག་པུ་ཁྱིམ་ཚང་དེ་ནས་ཁ་བྲལ་ཏེ་གཞན་ཡུལ་ལ་འགྲོ་རྒྱུ་དང་། ཨ་ཕ་དང་ཇུས་གཏོགས་མགོ་རིལ་གཉིས་གཟའ་ཟླའི་ཚུལ་གྱིས་འདུག་ཏུ་བཅུག་རྒྱུ་དེ་ཡིན། དེ་ལྟ་བུ་བྱེད་དོན་ནི་ཡོད་ཚད་ཨ་ཕ་ལ་བསམ་བློ་བཏང་བ་ཡིན་ལ་རང་ཉིད་ཀྱིས་ཨ་ཕར་སྒྲུབ་པའི་སྲི་ཞུ་རྣམ་དག་ཅིག་ཀྱང་ཡིན། ཡོད་ཚད་སྔར་རྒྱུན་ལྟར་ཁྱིམ་དུ་ལོག་ནས་དགོང་ལྟོ་འཐུང་རྗེས། བུ་གླང་ཆེན་དང་ཇུས་གཏོགས་མགོ་རིལ་གཉིས་ཁང་པ་ལྷོ་མའི་ནང་དུ་ཉལ་ཞིང་ཨ་ཕ་ཁང་པ་བྱང་མའི་ནང་དུ་ཉལ། མུན་ནག་གིས་ཉེ་འཁོར་གྱི་ཁོར་ཡུག་ཡོད་ཚད་མི་མཐོང་བར་བཏང་ལ་སྐབས་སྐབས་སུ་ཁྱི་ལྡོམ་འགས་ཟུག་ངུ་འཐེན་ཡོང་བ་ལས་ཁོར་ཡུག་ཡོད་ཚད་འཇམ་ཐིང་ཐིང་དུ་འདུག ཇུས་གཏོགས་མགོ་རིལ་གྱིས་བདེ་ལྕག་འཁྱུག་པོས་གོམས་ལོབས་ལྟར་བུ་གླང་ཆེན་གྱི་གཟུགས་པོར་འཐམ་ནས་ཡོང་བར། བུ་གླང་ཆེན་གྱིས་ཇུས་གཏོགས་མགོ་རིལ་གྱི་ལག་པ་ནས་བཟུང་སྟེ“ཚེ་སྒྲོལ། ཁྱོད་ཀྱིས་ང་ལ་དགའ་པོ་ཡོད་དམ"ཞེས་དྲིས་པར། ཁོ་མོས་ཅུང་ཟད་ཡ་མཚན་སྐྱེས་པའི་སྣང་བས“ཨ་་་ཁྱོས་ཅིའི་ཕྱིར་དྲི་བ་དེ་འདྲ་འདྲི་བ་ཡིན། ང་ལ་ཡིད་ཆེས་མེད་དམ"ཞེས་ངར་ངར་ཚུལ་གྱིས་སྨྲས་པར། བུ་གླང་ཆེན་གྱིས“མ་རེད། ཡིད་ཆེས་ལོས་ཡོད། དེང་སང་གྲོང་མི་འགའ་རེས་་་"ཞེས་ཚིག་མཇུག་མ་རྫོགས་གོང་ཇུས་གཏོགས་མགོ་རིལ་གྱིས“ཧན་་་ངས་ཀྱང་གོ་ཐོས་བྱུང་། འོན་ཀྱང་དེ་དག་གནས་ཚུལ་དངོས་མ་རེད། གྲོང་མི་བྱ་དེ་འདྲ་བ་དེ་ཚོས་དཀྲུག་ཤིང་བརྒྱབ་པ་རེད། ཁྱོས་གྲོང་མི་དེ་དག་ལ་ཡིད་ཆེས་བྱས་ནས་ང་དང་ཨ་ཕ་ལ་ཡིད་ཆེས་མེད་དམ"ཞེས་མ་ཉེས་ཁ་གཡོགས་ཤོར་བའི་ཉམས་ཀྱིས་སྨྲས།

“ངས་ཁྱོད་གཉིས་ལ་ཡིད་ཆེས་ལོས་ཡོད། འོན་ཀྱང་གྲོང་མི་མང་པོས་དེ་འདྲ་བཤད་ཀྱིན་འདུག དོ་ནུབ་ཁྱོད་ཀྱིས་ང་ལ་དྲང་པོ་ཤོད་དང་། གལ་སྲིད་དངོས་གནས་གནས་ཚུལ་དེ་འདྲ་ཡོད་ན་ངས་གང་ཡང་བཤད་མི་ཡོང་། གལ་སྲིད་གྲོང་མི་རྣམས་ཀྱི་གཏམ་འཆལ་ཡིན་ན་ངས་སང་ཉིན་གྲོང་དཔོན་ལ་ཡར་ཞུ་བྱས་ནས་ཐག་གཅོད་ནན་པོ་བྱེད་རོགས་བཤད་ཁོ་ཐག་ཡིན"ཞེས་ཁོ་མོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་སྨྲས་པར། ཇུས་གཏོགས་མགོ་རིལ་གྱིས་བུ་གླང་ཆེན་གྱི་མགྲིན་པར་འཁྱུད་ནས་ངུ་ལབ་དང་བཅས་ཏེ“ཨ་ཕ་རེད། ཡོད་ཚད་བཟོ་མཁན་ཨ་ཕ་རེད། ང་ལ་ལན་པ་མེད་་་་་་"ཞེས་རང་ཉིད་དག་འབུད་ཚུལ་གྱིས་སྨྲ་བཞིན་ད་དུང་“ཨ་ཕ་ཆང་གིས་བཟི་རྗེས་ང་ལ་བཙན་གྱིས་ཚུལ་མིན་སྤྱད་བྱུང་། ངས་ད་བར་སྒོམ་བསྡད་པ་ཡིན་་་་་་་"ཞེས་ཡང་བསྐྱར་རང་ཉིད་བདེན་ལྕོག་ལྕོག་གི་གཏམ་ཤ་སྟག་སྨྲས་པར། བུ་གླང་ཆེན་ཡང་ཁོང་ཁྲོ་ཅུང་ཟད་ལངས་པ་དང་ཁོ་པའི་སེམས་སུ་གལ་ཏེ་ཁོང་ཁྲོ་བྱས་ནས་ཕན་ཚུན་ཁ་རྩོད་བྱས་ན་ཨ་ཕའི་སེམས་སུ་ཕོག་ཐུག་འགྲོ་སྲིད་སྙམ་ནས་རང་ཉིད་ཀྱི་ཁོང་ཁྲོ་འཇགས་ཐབས་བྱས་པ་དང་སང་ཉིན་ནམ་ལངས་རྗེས་ཁྱིམ་ཚང་འདི་ནས་ཁ་བྲལ་དགོས་སྙམ་ནས“ཚེ་སྒྲོལ། ཁྱོད་ལ་ལན་པ་མི་འདུག ཨ་ཕ་ཆང་གིས་བཟི་རྗེས་མི་ཇི་འདྲ་ཞིག་ཡིན་པ་ང་ལ་རྒྱུས་ལོས་ཡོད། ཁྱོད་ཀྱིས་ཨ་ཕ་སྔོན་ཆད་ལྟར་འཁྱམ་དུ་མ་བཅུག་པར་ནང་ལ་ཉར་ནས་ཆང་རག་འཐུང་རྒྱུ་ཡང་ཉུང་དུ་བཏང་བར་ངས་ཡག་བྱུང་ཟེར་རྒྱུ་ཡིན། རྗེས་སུ་མུ་མཐུད་དུ་ཨ་ཕར་ཡག་པོ་བྱེད་རོགས"ཞེས་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་སྨྲས་པར། ཇུས་གཏོགས་མགོ་རིལ་གྱི་སེམས་སུ་བུ་གླང་ཆེན་གྱིས་རང་ཉིད་དང་ཨ་ཕའི་ཚུལ་མིན་བྱ་སྤྱོད་ལ་འཁང་ར་མི་བྱེད་པར་འདུག་སྙམ་ནས་དགའ་ཐག་ཆོད་པ་ལས“རྗེས་སུ་མུ་མཐུད་ཨ་ཕར་ཡག་པོ་བྱེད་རོགས"ཞེས་པའི་ཚིག་དུམ་དེར་བསམ་བློ་གང་ཡང་མ་བཏང་།

སྐྱ་རེངས་ཕོ་ཉས་མུན་ནག་གི་དགྲ་བོ་བཅོམ་ནས་དཀར་ངོགས་ཀྱི་འཇིག་རྟེན་ལ་རེ་བའི་ཉི་གཞོན་བསུས་དུས། བུ་གླང་ཆེན་གྱིས་སྔར་རྒྱུན་ལྟར་ལུག་རྣམས་དེད་ནས་རི་ལ་ཕྱིན་ཞིང་། ཁོ་པས་ལུག་རྣམས་རི་ལ་སྐྱེལ་ནས་ཁ་སང་གི་འཆར་གཞི་ལྟར་གྲོང་ཁྱེར་ཕྱོགས་སུ་འགྲོ་སའི་གཞུང་ལམ་ལ་ཁ་ཕྱོགས་ནས་ཕྱིན། ཏོག་ཙམ་འགོར་རྗེས་ཁོ་པས་རླངས་འཁོར་ཆུང་ཆུང་ཞིག་བཀག་ནས་གྲོང་འཁྱེར་ལྷ་སའི་ཕྱོགས་དུ་བྱ་འཕུར་བ་ལྟར་ཕྱིན། བུ་གླང་ཆེན་རང་ཉིད་གཅིག་པུ་གྲོང་ཁྱེར་ལྷ་སར་འཚོ་ཐབས་བྱེད་རྒྱུ་ཧ་ཅང་དཀའ་ཁག་ཆེ་བ་བསྙོན་མེད་ཡིན་མོད། འོན་ཀྱང་ཁོ་པའི་གཅེན་མོ(མ་གཅིག་དང་ཕ་གཅིག་མ་ཡིན་པ)ཞིག་ཆུང་དུས་ནས་ལྷ་སར་ཡོད་པས་ཁོ་ཡང་དེར་དམིགས་ནས་ལྷ་སར་ཕྱིན་པ་ཡིན། དེ་ནས་བཟུང་སྟེ་བུ་གླང་ཆེན་གྱིས་གཅེན་མོ་ལྷན་དུ་གྲོང་ཁྱེར་ལྷ་སར་ལས་ཀ་ཙག་ཙིག་འགའ་བཙལ་ནས་འཚོ་བ་འཁྱོལ་ཐབས་བྱས། ཏག་ཏག་ཟླ་གཅིག་ཙམ་གྱི་གོང་དུ་བུ་གླང་ཆེན་གཙུག་ལག་ཁང་གི་མདུན་དུ་ཁ་བཏགས་དང་མཆོད་མར་སོགས་ཇོ་མཇལ་འགྲོ་བའི་ཉེར་མཁོའི་ཅ་ལག་བཙོང་བའི་ལས་ལ་ཞུགས། །

 
བཞི།
བུ་གླང་ཆེན་གྱི་གཅེན་མོ་ནི་བུ་གླང་ཆེན་ཨ་མ་དང་ཨ་ཕ་གཉིས་གཉེན་སྒྲིག་མ་བྱས་གོང་གི་ཕྲུ་གུ་ཡིན་ལ། མོའི་ཨ་ཕ་ནི་མགར་པ་རྒྱ་ཟིང་ཟེར་བ་ཞིག་གི་ཡིན་སྐད་འདུག་པ་ལས་བུ་གླང་ཆེན་དང་ཕ་གཅིག་མ་ཡིན། མགར་པ་རྒྱ་ཟིང་ནི་བུ་གླང་ཆེན་གྱིས་མཐོང་མ་མྱོང་ལ་གཅེན་མོས་ཀྱང་མཐོང་མྱོང་མེད་སྐད་རེད། བུ་གླང་ཆེན་གྱི་ཕ་མ་གཉིས་གཉེན་སྒྲིག་རྗེས་གཅེན་མོ་ནི་ཨ་མའི་གཉེན་ཉེ་ཞིག་གིས་ལྷ་སར་ཁྲིད་ནས་གཡོག་མོ་ལ་ཉར། རྗེས་སུ་གཅེན་མོས་གཉེན་ཉེ་དེ་དང་ཁ་བྲལ་ནས་སོ་སོར་བརྟེན་ནས་ལས་ཀ་ཙག་ཙིག་བཙལ་ཏེ་འཚོ་བ་འཁྱོལ་ཐབས་བྱས་སྐད། གཅེན་མོའི་ལོ་རྒྱུས་དེ་དག་ནི་བུ་གླང་ཆེན་ཨ་མས་ཁོ་པར་བཤད་པ་ཡིན་ལ། མཚམས་མཚམས་སུ་ལོ་གསར་སྐབས་གཅེན་མོ་ཁྱིམ་དུ་ཐེངས་རེ་གཉིས་ལོག་ཡོང་བ་ལས་ཁོང་ཚང་དང་འབྲེལ་བ་ཆེན་པོ་མེད་པའི་སྣང་བ་ཡོད། ཨ་མ་འདས་པ་ནས་བཟུང་གཅེན་མོ་ཁྱིམ་དུ་ལོག་མྱོང་མེད་མོད། སྐབས་འགར་གཅེན་མོས་བུ་གླང་ཆེན་ལ་ཁ་པར་བཏང་ཡོང་ནས་སྐྱིད་སྡུག་གི་སྐད་ཆ་འདྲི་བར་བྱེད་ལ་ཕ་ཡུལ་ལ་སྐྱིད་པོ་མེད་ན་ལྷ་སར་ཤོག་དང་ངུ་གཉིས་ཀྱིས་ལས་ཀ་ཙག་ཙིག་བཙལ་ནས་སྡོད་ཆོག་ཡང་ཞེར་མྱོང་། གཅེན་མོའི་སྐད་ཆ་དེའི་དབང་གིས་ད་གཟོད་བུ་གླང་ཆེན་གྱིས་ལྷ་སར་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡང་ཡིན་ངེས།

བུ་གླང་ཆེན་ཆེས་ཡ་མཚན་ཆེ་བ་ནི་གཅེན་མོའི་ལས་ཀ་འགྲོ་སྲོལ་དེ་ཡིན། གཅེན་མོ་ནི་ཉིན་མོར་ངལ་གསོ་དང་མཚན་མོར་ལས་ཀ་ཡིན་པ་རེད། བུ་གླང་ཆེན་གྱིས་གཅེན་མོར་ལས་ཀ་ཅི་ཡིན་སྐོར་སྐད་ཆ་འདྲི་མ་མྱོང་ལ། གཅེན་མོས་ཀྱང་ཁོ་པར་དེའི་སྐོར་གླེང་མ་མྱོང་། འོན་ཀྱང་བུ་གླང་ཆེན་སེམས་སུ་གཅེན་མོའི་ཉིན་མཚན་གོ་ལྡོག་པའི་ལས་ཀ་དེར་འཁང་ར་སྐྱེ་བཞིན་ཡོད། བུ་གླང་ཆེན་གྱིས་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ་གཙུག་ལག་ཁང་གི་ཕྱོགས་སུ་བསྐྱོད་སྐབས་གཅེན་མོ་གཞི་ནས་ཁྱིམ་ལ་ཡོང་བའམ་ཡང་ན་ད་དུང་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། བུ་གླང་ཆེན་གྱིས་རྒྱབ་ཁུག་གི་ནང་དུ་ཁ་བཏགས་དང་མཆོད་མར་སོགས་ཚོང་རྫས་རྣམས་བླུགས་རྗེས་སྲང་ལམ་ཁ་ཤས་བརྒྱུད་ནས་གཙུག་ལག་ཁང་གི་མདུན་དུ་བསྐྱོད། གྲོང་ཁྱེར་ལྷ་སའི་ཁང་བརྩེགས་མཐོན་པོ་རྣམས་ནི་ཕ་ཡུལ་གྱི་རི་ཚོགས་དག་དང་འདྲ་བར་སྙམ་ལ། གཞུང་ལམ་ཐོག་གི་རླངས་འཁོར་དག་ནི་ཕ་ཡུལ་གྱི་གྲམ་ཤུར་ནང་གི་ཆུ་བོ་དག་དང་ཨ་ན་མ་ན་ཡིན་པར་སྙམ། ད་དུང་མི་ཚོགས་དག་ནི་རྩྭ་ཐང་སྟེང་གི་བག་ཡངས་ངང་རྒྱུ་བའི་ནོར་ལུག་ཡིན་པར་སྙམ་ཞིང་རང་ཉིད་ནི་སྔར་བཞིན་ནོར་ལུག་གི་རྫི་བོ་དེ་ཡིན་པར་སྙམ། དེ་ལྟར་ཡོད་ཚད་ཕ་ཡུལ་དང་འབྲེལ་བའི་སེམས་པའི་སྒུལ་ཤུགས་ཤིག་གིས་བུ་གླང་ཆེན་གྱི་རྡོག་འོག་ཏུ་རླུང་རྒྱུ་བ་ལྟར་གྱི་སྣང་བ་ཡོད་ལ་མཚམས་མཚམས་དུ་སོ་སོར་གཤོག་པ་སྐྱེས་པའི་སྣང་བ་ཡང་སྐྱེ་བར་བྱེད། དེ་ལྟར་ཁོ་པས་གཙུག་ལག་ཁང་གི་སྐུ་མདུན་དུ་གྲལ་ལྟར་རིང་པོ་བསྒྲིགས་པའི་ཇོ་མཇལ་བ་རྣམས་ལ་ཁ་བཏགས་དང་མཆོད་མར་བཙོང་བར་བྱེེད། ཇོ་མཇལ་བ་རྣམས་ཀྱི་མདུན་དུ་སྐབས་འགར་རྫུན་རི་རབ་ཙམ་ཞིག་བརྗོད་དགོས་ལ། སྐབས་རེར་མགོ་ཁྱི་འདྲ་རེ་བསྐོར་དགོས་པས། བུ་གླང་ཆེན་གྱི་སེམས་སུ་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་དུ་དེ་འདྲ་བྱས་པར་སྐྲག་སྣང་ཅུང་ཟད་སྐྱེ་མོད། འོན་ཀྱང་ཁོ་དང་འདྲ་བའི་ཚོང་པ་དེ་དག་གི་གདོང་ལ་ཅི་ཡང་མི་སྙམ་པའི་འཛུམ་མདངས་མངོན་བཞིན་འདུག ཉིན་རེའི་ལས་ཀ་མཇུག་རྫོགས་མཚམས་སུ་ཉིན་གཅིག་གི་ཡོང་འབབ་མཐོ་དམའ་འགྲན་བཞིན་པར་བལྟས་ན་ཁོ་ཚོའི་སེམས་སུ་འགྱོད་པ་དང་མཚེར་སྣང་ཡེ་ནས་མེད་པར། ཡོང་འབབ་བྱུང་ན་མགོ་སྐོར་དང་རྫུན་གཏམ་ཡོད་ཚང་སྣང་བ་མི་གཏོང་བར་འདུག བུ་གླང་ཆེན་གྱིས་ནམ་རྒྱུན་ཚོང་རྫས་རྣམས་བྲིན་རྗེས་རང་ཉིད་གཅིག་པུ་གཙུག་ལག་ཁང་གི་སྐུ་མདུན་དུ་སོང་ནས་འགྱོད་བཤགས་ཚུལ་གྱིས་གསོལ་འདེབས་དང་སྨོན་ལམ་རྒྱག་པར་བྱེད།
བུ་གླང་ཆེན་ལྷ་སར་སླེབས་ནས་ཟླ་ཁ་ཤས་རྗེས་སུ་ཨ་ཕས་ཁོ་པར་ཁ་པར་བཏང་ཡོང་ནས་ཇུས་གཏོགས་མགོ་རིལ་ལ་བུ་ཞིག་སྐྱེས་པའི་སྐོར་བརྗོད་པ་དང་ཁོ་པ་མྱུར་དུ་ཕ་ཡུལ་ལ་ལོག་ཡོང་དགོས་པའི་རེ་བ་ཡང་ཞུས། འོན་ཀྱང་བུ་གླང་ཆེན་གྱིས་བསམ་པར་ཇུས་གཏོགས་མགོ་རིལ་གྱི་ཕྲུ་གུའི་ཨ་ཕ་རང་ཉིད་ཡིན་མི་སྲིད་སྙམ།
                      ༢༠༡༨ལོའི་ཟླ༡༠ཚེས༧ཉིན། ནུབ་བྱང་ནས།

                                     
  རྩོམ་སྒྲིག་པ། མྱི་གསར་བ།