རིག་ལྡན་ལྕགས་འཁོར་ཅན།

    རྩོམ་པ་པོ། ཉི་མ་ནོར་བུ།


རིག་ལྡན་ལྕགས་འཁོར་ཅན།


                            ཉི་མ་ནོར་བུ།

1
ཉིན་འདི་དག་ལ་ཉི་མའི་ཚ་གདུག་ཤིན་ཏུ་ཆེ་བས། སྐྱེས་འགྲོ་ཐམས་ཅད་ལ་ཚ་བས་རབ་ཏུ་མནར་ཞིང་ཉབ་ཉོབ་ཏུ་བཏང་ལ། འཁོར་ཁང་གི་གཡས་གཡོན་དུ་བཙུགས་པའི་ལྗོན་པ་དག་ཀྱང་རྙིད་ནས་ནད་པ་འགའ་མཉམ་འདུས་བྱས་པ་དང་ཤིན་ཏུ་མཚུངས་པར་ཁ་རོག་གེར་ན་ཟུག་གང་རུང་ལ་བསྲན་མི་ཚུགས་པར་ཡོད་པ་ལྟ་བུའི་སྣང་བ་སྟེར། ནད་གཞི་དེ་འབྱུང་རྐྱེན་གཙོ་བོ་ཡང་ཉི་དུག་ཕོག་པ་ཁོ་ན་མིན་པར་གྲོང་སྡེའི་མཐའ་འཁོར་གྱི་ར་ལུག་ཚེ་ཐར་རྣམས་ཀྱིས་ལོ་མ་ཟོས་ཤིང་རྩ་བར་རྒྱབ་འཕྲུག་པས་ལོས་ཡིན།  སྡེ་བའི་འཁོར་ཁང་དུ་སྔར་བཞིན་འཚང་ཁ་ཤིག་ཤིག་གིས་རྒན་པ་དག་འདུས་བྱུང་ལ། ཁོ་ཚོས་ཕན་ཚུན་བར་མཚམས་འདྲི་ཞུ་བཞིན་ཕར་གཡོན་ཚུར་གཡོན་ངང་འཁོར་ལོ་སྐོར་བར་བྲེལ་གྱིན་འདུག  ཡང་རྒན་པ་སྐོར་ཞིག་གིས་འཁོར་ཁང་གི་སྒོ་འགྲམ་ནས་རང་རང་གི་འཁར་བར་ལུས་པོ་ཁེན་ནས་གནམ་གཤིས་ཀྱི་དྲོ་གྲང་དང་ཡུལ་སྡེ་སྟོད་སྨད་ཀྱི་འཚོ་བའི་འཕོ་འགྱུར། བཟའ་ཚང་གི་འཆམ་མཐུན་སོགས་ཀྱི་གསར་འགྱུར་དག་གཅིག་གིས་གཅིག་ལ་བཤད་བཞིན་འདུག  འཁོར་ཁང་གི་བར་ཁྱམས་ཀྱི་ཉི་ཚོམ་ནང་དུ་བླ་རྒན་བློ་གྲོས་སོགས་རྒན་པ་འགའ་དེ་རུ་ངལ་གསོ་བཞིན་ཕྱི་མའི་བྲོ་ཁ་སྒྲུབ་ཀྱིན་འདུག  དེ་ལས་བླ་རྒན་བློ་གྲོས་ཀྱིས་རྫབ་རྫུབ་ཏུ་གྱུར་བའི་ལག་པ་གཡོན་མའི་མཐེ་བོང་གིས་ཕྲེང་རྡོག་རེ་རེ་བཞིན་བགྲེང་ལ། གྱེན་དུ་ལངས་ཤིང་ཟིང་ཟིང་དུ་གྱུར་བའི་སྐྲ། འབར་འབུར་དང་ནག་ནོག་གི་དྲི་མ་འགོས་པའི་ཞལ་རས་སོགས་ནི་ཁོ་རང་ལོ་ངོ་བཅུ་ཕྲག་རིང་ལ་ཆུ་ཐིགས་གཅིག་དང་འཕྲད་མ་མྱོང་བ་ལྟ་བུར་གྱུར་འདུག ད་དུང་སེར་ལ་ཆད་ལྷག་ཤོར་བའི་སོ་དང་དེ་ལས་དབང་མེད་དུ་ཤོར་འོང་བའི་ཁ་ཆུ་དག་ནི་ཉེ་འགྲམ་གྱི་མི་རྣམས་ལ་སྐྱུག་མེར་སློང་བ་དང་གཉིས་སུ་མེད།
“ལྟས་ངན། ངོ་མ་ལྟས་ངན་རེད། ངེད་གེ་འཕན་གྱི་མི་རིང་མི་རྒྱུད་ལ་འདི་འདྲའི་ཐན་རྟགས་ངན་པ་མཐོང་བ་མི་དགོས་བཤད་མཁན་ཡང་མེད། ད་ནི་དངོས་འབྲེལ་དུས་ངན་ཚེ་ལོ་བཅུ་པར་ཐོན་ལ་རེད། དུས་ངན་དེར་མདང་སྐྱེས་ཀྱི་ཨ་ལི་མེ་སློང་དུ་འགྲོ་ཐུབ། རིལ་མའི་སྟེང་ནས་ཙོག་འདུག་བྱས་ཏེ་ནས་འབྲི་གཅིག་ཁ་བཀས་ནས་ཟ་དགོས། མཐར་རིག་ལྡན་ལྕགས་འཁོར་ཅན་གྱིས་འཇིག་རྟེན་དབང་དུ་བསྒྱུར་དུས་དེའི་འོག་ཏུ་ཤི་ཐུབ་པ་ཚང་མ་བྱང་ཤམ་བྷ་ལ་རུ་སྐྱེས་ངེས། མ་ཐུབ་པ་དག་གིས་སྡུག་བསྔལ་ཚད་མེད་པ་མྱང་དགོས། ” བླ་རྒན་བློ་གྲོས་ཀྱིས་ལུང་བསྟན་ལྟ་བུའི་སྐད་ཆ་ཞིག་དབུགས་ཐོག་གཅིག་གིས་བཤད་པ་ན། དེར་ཡོད་ཀྱི་མ་ཎི་ཁང་གི་ལོ་ལོན་རྣམས་ཀྱིས་ཁོང་གི་སྐད་ཆར་མངོན་པར་བསྟོད་བཞིན། མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་ཡིད་ནས་གསོལ་བ་འདེབས་བཞིན་རིག་ལྡན་ལྕགས་འཁོར་ཅན་གྱི་འོག་ནས་ཤི་ཐུབ་པའི་སྨོན་ལམ་འདེབས་བཞིན་འདུག  སྐྲ་ལོ་སྐྱ་སེ་སྔོ་སེ་རུ་གྱུར་བའི་ཕུར་ལྷར་རྣམ་རྟོག་ཅིག་གིས་སེམས་ཡོངས་སུ་བཀང་ནས་ཅུང་ཙམ་མ་རེངས་བའི་ངང་ནས “བློ་གྲོས། རིག་ལྡན་ལྕགས་འཁོར་ཅན་ནི་ཅི་ཞིག་རེད”ཅེས་དྲི་བ་ཞིག་དྲིས། དེ་ནི་ཁོང་གི་བུས་རྫོང་ཐོག་ནས་འཕྲུལ་རྟ་ཞིག་ཉོས་ནས་སྡེ་བར་འབྱོར་བ་མཐོང་ནས་བློ་གྲོས་ཀྱིས་ལྟས་ངན་བོས་པ་རེད། “རིག་ལྡན་ལྕགས་འཁོར་ཅན་ཞེས་པ་ནི་ལག་ན་རླུང་གི་སྤུ་གྲི་ཐོགས་པ། མིག་ནས་མེ་ཞགས་འཚུབ་བེ། སྣ་ནས་དུ་བ་ཐུ་ལུ་ལུ། འུར་འུར་སྒྲ་ཆེན་སྟོང་གསུམ་གང་བ་ཞིག་གྲག་ནས་འགྲོ་བཞིན་ཡོད་པ་རེད། ཉེ་སྔོན་གནམ་ཡིག་ཅིག་ཏུ། ཁང་བའི་ཡང་སྟེང་དམར་པོ་ཁྲག་ལ་གྱུར།། མགོ་མེད་རྟ་རྒོད་ལ་ལུང་ཀུན་ལ་རྒྱུ།། ”ཁུངས་དག་ལུང་དག་གི་སྐད་ཆ་ཞིག་བཤད་པ་ན། ཕུར་ལྷར་ལྷག་ཏུ་རྣམ་རྟོག་གི་སེམས་ཤུགས་ཆེ་རུ་འཕྱུར་བཞིན“ ཁང་སྟེང་དམར་པོ་ཁྲག་ལ་གྱུར་བའི་དུས།། མགོ་མེད་རྟ་རྒོད་ལ་ལུང་ཀུན་ལ་རྒྱུ།། ཟེར་ན་ཅི་ཞིག་ཟེར་བ་རེད”ཅེས་མདུན་དུ་ནུར་བྱུང་།  “ལྟོས་དང་གནའ་དུས་སུ་ཚང་གི་ཁང་བའི་ཐོག་དམར་པོ་རེད། རིག་གསར་གྱི་དུས་སུ་ང་ཚོ་འབྲོག་བདག་འབྲོག་ཕྱུག་ཚོས་ཀྱང་མཉམ་ལས་ལས་ཀར་ཞུགས་སྐབས་ས་དོང་བརྐོས་ནས་གྱོ་མོ་བཟོས་པ་ཁྱོད་ཀྱིས་ཀྱང་དྲན་རྒྱུ་རེད། རེད་དེ་ད་ལྟ་ཁང་བའི་ཐོག་ཏུ་གྱོ་མོ་དམར་པོ་འགེབ་པ་ནི་དུས་གསར་གྱི་ཁྱད་ཆོས་ཤིག་ཡིན་སྣང་ཤར་གྱིན་འདུག་ནའང་། དོན་དུ་ལྟས་ངན་ཞིག་རེད། ངོ་མ་ལྟས་ངན་ཞིག་རེད། རྟ་མགོ་མེད་ནི་ཁྱོད་ཚང་གིས་བུས་ཞོན་ཡོད་པའི་ལྕགས་ཀྱི་གུག་གུག་གྲོག་མ་འདྲ་བོ་དེ་རེད། དེ་ཚོ་དུས་ངན་གྱི་མཚོན་རྟགས་རེད། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་རེད།།དེ་དུས་མི་ལ་བསོད་ནམས་སྙན་གྲག་མེད།། པད་འབྱུང་ང་ལ་རྒྱུན་དུ་གསོལ་བ་ཐོབ།།”བཀའ་ཐང་གི་ཚིག་དུམ་ཅིག་འདོན་བཞིན་མགོ་བ་དགྱེ། མིག་ཟུང་བཙུམ། ཀབ་ཀོབ་ཏུ་གྱུར་བའི་ལག་ཟུང་གིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་ཀྱིན་འདུག  ཁོས་ཡང་བསྐྱར་ལུང་ཚིག་ཅིག་དྲངས་ནས་བདེན་པའི་སྟེང་གནོན་དགོས་པར་འདོད་མོད་གློ་བར་དུ་གླད་རྒྱངས་ཤིག་གིས་བར་མཚམས་བཅད་དེ་ལུང་ཚིག་ཏེ་བརྗེད་པར་གྱུར། ཕུར་ལྷ་བློ་གྲོས་ཀྱི་མདུན་ལ་བཅར་དྲགས་པའི་དབང་གིས་ཁོས་ཁ་ནང་ནས་འཐིལ་བའི་དྲི་ངན་དེ་ཐད་གར་མོའི་སྣ་ནང་དུ་བུད་སོང་བར་སྐྱུག་མུར་བྱེད་བཞིན། “བློ་གྲོས་ནམ་རྒྱུན་མི་ཆོས་བླ་མའི་རྫུན་ཁོ་ནས་གཞན་མགོ་བསྐོར་བ་ལས་རང་གི་ཁ་ནང་གི་སོ་དེ་ཚོ་གཅིག་བཀྲུ་རོགས།”མོ་ལང་མ་གོག་གིས་ཡར་ལངས་དེ་བུད་སོང་། དེ་ཡང་ལོས་ཡིན་དེ་བློ་གྲོས་ཀྱི་ཁ་ནང་གི་སོ་དག་འབུས་ཟོས་ཤིང་རྩ་བ་རུལ་ལ། དེའི་ཁར་ནམ་རྒྱུན་གཙང་སྦྲ་མི་བྱེད་པས། ཁོས་ཁ་ནང་གི་དྲི་མ་ནི་སྡེ་བ་དེའི་སྟོད་སྨད་བར་གསུམ་གྱིས་གླེང་གིན་ཡོད། ལྷག་པར་དུ་ཕུར་ལྷ་ནི་སྔོན་སྲིད་གཞུང་གི་ལས་བྱེད་པ་ཞིག་ཡིན་པས་གཙང་སྦྲར་དང་དོད་ཤིན་ཏུ་ཆེ་བས་ཁག་ཅི་ཡོད། དེ་ལྟར་དྲི་ངན་ཁྱབ་པའི་སྐོར་ལམ་དེར་རྒན་པ་ཚོས་གློ་ལུ་བྱེད་བཞིན་སླར་ཡང་རང་རང་གི་ལས་ལ་བྲེལ་བཞིན་འདུག  མདུན་ཕྱོགས་ཀྱི་སློབ་གྲྭའི་ནང་ནས་དྲིལ་བརྡ་ཞིག་སི་ལི་ལི་གྲག་བྱུང་། དེ་ནི་ལོ་ལོན་ཚོར“ཇ་སྐོལ”ཞེས་པའི་བརྡ་བཏང་བ་བཞིན། ཚང་མ་འགྱེལ་མ་ལངས་ཀྱིས་ཡར་ལངས་ཏེ་རང་རང་གི་ཁྱིམ་དུ་ཆས་མགོ་བརྩམས། དུས་ཚོད་བཅུ་གཉིས་ལ་སླེབས་སོང་། བྱིས་པ་མ་རབས་འགས་དཔེ་ཁུག་དག་ལ་གཡུག་ལུང་གཡུག་བྱེད་བཞིན་རང་རང་གི་ཁྱིམ་ལ་ལོག་བཞིན་འདུག ཕུར་ལྷ་སྔར་བཞིན་བསམ་གཞིག་ཅིག་གི་སྣེ་ཁྲིད་དེ་ལམ་ལ་ཇི་ལྟར་ཆས་པ་ཡང་མ་གོ་བར་ཁང་བའི་སྒོར་སླེབས་འདུག སྒོ་འགྲམ་གྱི་ར་བ་ཆུང་ཆུང་གི་ནང་དུ་ཁོའི་བུ་ལྷ་ཐར་གྱི་འཕྲུལ་རྟ་དེ་ཆུ་ལྭ་ཞིག་གིས་ཡོངས་སུ་བཀབ་ཏེ་བཞག་འདུག མོས་དེ་མཐོང་མ་ཐག་ཁ་ནས་རང་དབང་མེད་པར“ལྟས་ངན”ཞེས་ཚིག་ཀ་ཞིག་དབང་མེད་དུ་ཤོར་སོང་། ཡང་བསྐྱར་ལྕེ་ནར་ཞིག་བྱས་ནས་སུ་རུ་སྤར་མོ་གང་བཟུང་ལ་ཁང་སྒོ་ཕྱེ་སྟེ་མེ་འབུད་མགོ་བརྩམས།
 

2
དོན་འགྲུབ་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ལས་གནས་སུ་རྒྱུགས་མ་འཕྲོད་སྟབས་ཨ་ཞང་གི་མངག་བཀོད་ལྟར་ཡུན་ནན་དུ་དམག་ལ་ཞུགས་པར་བཏང་། ཁོས་མི་ལོ་བདུན་ལ་ཡུན་ནན་དམག་ཁུལ་དང་པོ་ནས་དམག་སྦྱོང་དང་སློབ་སྦྱོང་མཐར་ཕྱིན་པ་བྱས་མཐར་ཞིང་ཆེན་ཉེན་རྟོགས་དྲག་ཆས་རུ་ཁག་ཏུ་ལས་བགོས་བྱས། ཁོ་ནམ་རྒྱུན་ཕ་ཡུལ་ལ་འཁོར་ཞག་ཏུ་སླེབས་ཐེངས་རེར། ཕ་ཡུལ་ནི་སྔར་བཞིན་རི་ཁུག་ཅིག་ཏུ་གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་གནས་པ་མཐོང་ཐེངས་རེར། སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་དྲག་པོ་ཞིག་ལི་ཆུའི་རླབས་ཕྲེང་བཞིན་བར་མེད་དུ་འཕྱོ་ལ། ནམ་ཞིག་གི་ཚེ་ན་ཕ་ཡུལ་འདིར་དེང་རབས་ཚན་རིག་གི་ལག་རྩལ་མངོན་མཐོ་བ་དག་དར་ཁྱབ་ཏུ་བཏང་ནས་མཐོ་སྒང་གི་ཡུལ་ལུང་འདིར་དུས་རབས་གསར་བའི་གློག་གི་སྒྲོན་མེ་ཞིག་སྤར་ཐུབ་ན་ཅི་མ་རུང་བསྙམ་པའི་ཕུགས་བསམ་ཞིག་སེམས་སུ་ཉར་ནས་ལོ་མང་འདས།  ད་ལོ་གོ་གནས་བརྗེ་སྤོར་གྱི་ཚོགས་འདུའི་སྐབས་སུ་དོན་འགྲུབ་ལ་ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད་གཞོན་པའི་གོ་གནས་སྤྲད་ལ། གོང་རིམ་གྱི་ལས་གཞི་མང་པོ་ཞིག་ཀྱང་ཁོ་བོས་སྒྲུབ་པའི་འགན་དུ་བབས། གོ་སྐབས་ཡོད་དུས་དམ་འཛིན་བྱེད་དགོས་པའི་ཕུགས་འདུན་སེམས་སུ་དམ་པོར་བཅིངས་ཏེ་ཉིན་སྣེ་ཞག་མཐུད་ཀྱིས་ཕ་ཡུལ་ལ་ཆས་མགོ་བརྩམས།  ཉིན་འདི་དག་ལ་ཆར་བ་འབབ་དྲགས་པས་ཤ་འོད་བརྒྱུགས་ཏེ་ཕ་ཡུལ་གྱི་ལམ་ཕྲན་མང་ཙམ་ཞིག་སོང་ལ་འགྲིམ་འགྲུལ་ལའང་བར་ཆད་ངེས་ཅན་བཟོས་ཡོད་ནའང་། དོན་འགྲུབ་སྔར་བཞིན་རྫོང་མཁར་ནས་རྟ་ཞིག་གཡར་ཏེ་ཕ་ཡུལ་ལ་ཆས། རྫོང་མཁར་ནས་ཕ་ཡུལ་ལ་རིང་དུ་བརྐྱངས་བའི་ལམ་ཕྲན་བརྒྱུད་དེ་ཆས་པ་ན། རྩི་ཤིང་གི་དྲི་ངད་དག་གཅིག་རྗེས་གཉིས་མཐུད་དུ་ཁོ་བོའི་དྲི་འཛིན་གྱི་བུ་ག་རུ་ལྡང་བྱུང་ལ། ཕ་ཡུལ་གྱི་དྲི་མ་ནི་གྲོང་ཁྱེར་གྱི་མཛེས་མ་དག་གི་ལུས་སྟེང་གི་དྲི་མ་ལས་རབ་ཏུ་ཞིམ་ཞིང་།དྲི་ཞིམ་དེས་ཁོ་བོའི་ལུས་སེམས་ལ་ངང་ངམ་ཤུགས་ཀྱིས་བདེ་བ་ཚད་མེད་པ་ཞིག་སྟེར་བྱུང་། དེ་ལྟར་ཁོ་བོས་རིང་དུ་གྱེས་པའི་ཕ་ཡུལ་ལ་སྔར་བཞིན་རྫས་འགྱུར་གྱི་དྲི་མས་མ་གོས་ཤིང་། མཐའ་མཇུག་གི་དག་ཞིང་ལྟ་བུའི་ཉམས་སྣང་ཞིག་སྐྱེས་ལ། བྱིས་དུས་ཀྱི་འཚོ་བའི་སྣང་བརྙན་དག་ཀྱང་གཟིགས་འཛིན་གྱི་བུ་ག་རུ་གློག་བརྙན་བཞིན་གསལ་ལམ་མེར་བཀྲ་བྱུང་། གློ་བུར་བྱ་སྲེག་པ་ཞིག་འུར་སེ་འཕུར་བར་བརྟེན་ནས་རྟ་ཕོ་དེ་འདྲོགས་བྱུང་། ཁོ་བོ་ཡང་བསམ་གཞིག་གི་ཀློང་ནས་ཡོངས་སུ་བྲལ་དེ་འཇིགས་སྣང་ཚ་བེར་བ་ཞིག་མགོ་གསེང་ནས་བརྒྱུད་དེ་རྐང་མཐིལ་ལ་བབས་སོང་།  ཨ་ཙི་ཁོ་བོ་ཕ་ཡུལ་གྱི་ཡུལ་ཚོའི་མདུན་ཕྱོགས་ཀྱི་རི་སྐེད་དུ་སླེབས་འདུག མྱུར་མོར་རྟ་ལས་བབས་དེ་རྒྱབ་ཁུག་ལས་ཅ་ནན་རྟགས་ཅན་གྱི་པར་ཆས་བླངས་ནས་འདྲ་པར་འགའ་བླངས་ལ། ཡུན་རིང་མ་འཕྲད་པའི་ཕ་ཡུལ་གྱི་རི་གྲོང་འདིར་ངོ་འཕྲད་པའི་དགའ་ཚོར་ཞིག་གིས་སེམས་པ་བཀྱགས་ནས་ཀི་རིང་ཞིག་དབང་མེད་དུ་ཤོར་སོང་། དེ་ནས་མུ་མཐུད་དུ་ལམ་ལ་ཆས་ནས་འཁོར་ཁང་གི་ཉེ་སར་སླེབས་པ་ན། ཕུར་ལྷ་སོགས་ཉེ་འཁོར་གྱི་རྒན་པ་འགས་ཁོ་བོ་མཐོང་ནས་སུ་ཚང་གི་ཁྱིམ་མི་སླེབས་པ་རེད་ཅེས་ཕན་ཚུན་ལ་གྲོས་བསྡུར་བྱེད་ཀྱིན་མཆིས།
“ཁྱེད་རྣམས་པ་བདེ་མོ་ཡིན་ནམ།”  ཕ་མ་ཞིག་ལ་མཚོན་ན་ཆེས་བརྗེད་དུ་མེད་པ་ནི་རང་གི་བུ་ཕྲུག་གི་སྐྱེས་གཟུགས་དང་སྐད་ཆ་ཡིན་པས།ཕུར་ལྷས་སྐད་ཆ་ཐོས་པ་ན་རང་ཤུགས་ཀྱིས་ཚོར་བ་ཞིག་གིས་རང་གི་བུ་ཡིན་པ་ཤེས་ནས“ཨ་ཙི། ངེད་ཚང་གི་དོན་འགྲུབ་མ་རེད་དམ”ཞེས་བཤད་བྱུང་།  
“ཡིན་ཡ།  ཁྱེད་ཅག་གི་སྐུ་ལུས་བདེ་མོ་ཡིན་ནམ།”
རྒན་པ་མང་ཤོས་ཤིག་གིས་མ་བགྲོས་རང་མཐུན་ངང“ཡིན། ཡིན། ཁྱོད་ཀྱིས་དཀའ་ལས་མྱང་སོང་ངམ”ཞེས་བཤད་བྱུང་། 
“ང་བདེ་མོ་ཡིན།” རྟ་ཕོ་དེ་ཉེ་འགྲམ་གྱི་ཤིང་རར་བཏགས་ནས་ཐད་གར་ཕུར་ལྷའི་གམ་དུ་སླེབས་བྱུང་ལ། ཁོ་མོའི་ལག་པར་འཇུས་ཏེ་འོ་ཞིག་བྱས། ཕུར་ལྷས་ལོ་མང་རིང་བུ་དང་མ་འཕྲད་པས་དེ་རིང་དགའ་སྐྱོ་གཉིས་འདྲེས་ཀྱི་མཆི་མ་ཞིག་དལ་གྱིས་མགུར་ཚོས་བརྒྱུད་དེ་པང་ཁུགས་སུ་ལྷུང་སོང་།
“ཨ་ཁུ་བློ་གྲོས། ཁྱོད་བདེ་མོ་ཡིན་ནམ།”
“ཡིན། ཡིན། ཁྱོད་གང་ཞིག་ནས་ཡོང་བ་ཡིན།ཡུན་རིང་མ་མཐོང་བས། ད་ག་ཤེད་ནས་འཕྲད་ནའང་ངོ་ཤེས་རྒྱུ་མ་རེད།”
“ད་ནངས་ཆེད་དུ་རྫོང་མཁར་ནས་ཕ་ཡུལ་ལ་ཡོང་བ་ཡིན། ཕ་ཡུལ་འདིར་དེང་རབས་ཀྱི་ཚན་རྩལ་དར་མེད་ལ། ཐ་ན་གཞུང་ལམ་ཡང་དག་ཅིག་ཀྱང་མེད་པས། ངས་ཆེད་དུ་ཞིང་ཆེན་རིམ་པའི་ལས་གཞི་ཞིག་བླངས་ནས་རང་གི་ཕ་ཡུལ་ལ་འཛུགས་བསྐྲུན་འགའ་བྱེད་འདོད་པ་ཡིན།”
“འོ།  དེ་བཟང་ན་ཐང་མོད། འོན་ཀྱང་ས་རྐོ་རྡོ་སློག་བྱས་ནས་རང་ཡུལ་གྱི་ལྷ་ཀླུར་འགལ་བ་གཏོང་མི་རུང་། ”
སྐད་ཆ་དེ་ལས་དོན་འགྲུབ་ཀྱི་སེམས་སུ་ཕ་ཡུལ་དུ་འཛུགས་བསྐྲུན་བྱེད་པར་ལོ་ལོན་ཚོར་ཡང་སློབ་གསོ་ཞིག་མ་བཏང་ན་བར་ཆད་འབྱུང་ངེས་ཡིན་བསྙམ། མྱུར་བར་ཨ་མའི་ལག་མགོར་བཟུང་ནས་ཡར་བཀྱགས་ལ། རྟ་ཕོ་ཁྲིད་ནས་མ་བུ་གཉིས་རང་ཁྱིམ་དུ་ལོག   ཉིན་དེར་འབྲོག་ས་ནས་རང་གི་ཤ་ཉེ་གཉིས་ཀྱང་ཡུལ་ཚོ་རུ་ཨ་མར་བྲོ་ཁ་བྱིན་དུ་སླེབས་པ་དང་ཁེལ་ནས་ཁོ་ཚོ་མཉམ་དུ་འཛོམས་པས་དགའ་སྤྲོ་རབ་ཏུ་འཕེལ་ལ། དོན་འགྲུབ་ཀྱིས་རང་གི་ཕུགས་འདུན་མཐའ་དག་རང་གི་སྤུན་གཉིས་བཤད་པ་ན། ཤ་ཉེ་གཉིས་ཀྱང་ཁྲིན་ཏུ་རུ་ས་རྐོ་འཁོར་དང་ལྡུག་འཁོར་གྱི་ཁ་ལོ་ལག་རྩལ་སྦྱང་ནས་དོན་འགྲུབ་ཀྱི་འཛུགས་སྐྲུན་ལ་རོགས་རམ་བྱེད་རྒྱུའི་གྲོས་ཐག་བཅད།  ཕྱི་ཉིན་ཤར་རིའི་རྩེ་ནས་ཁྲི་གདུགས་ཉི་མའི་འོད་ཟེར་ཕ་ཡུལ་གྱི་རི་ལུང་ཀུན་ཏུ་འཕྲོས་པ་ན། དོན་འགྲུབ་སྔ་མོ་ནས་ཡར་ལངས་ནས་ཡུལ་ཚོའི་ས་བབ་དང་ས་གཤིས་སོགས་ལ་རྒྱུས་ལོན་རགས་ཙམ་ཞིག་བྱས་ནས་སྔར་བཞིན་ཨ་མ་སྤུན་ཆུང་གཉིས་ལ་གྱེས་ཏེ་རྫོང་མཁར་གྱི་ཕྱོགས་སུ་ཆས། ལོ་དེར་ཁོས་ཆོད་སེམས་བརྟན་པོས་ཞིང་ཆེན་ནང་ཁུལ་གྱི་བཟོ་གྲྭ་འགར་མཉམ་འབྲེལ་བྱས་ནས་ལི་ཆུའི་ཐོན་ཁུངས་བརྒྱུད་དེ་རང་ཡུལ་ལ་ཆུ་གློག་གི་ས་ཚུགས་ཤིག་འཛུགས་རྒྱུའི་ལས་གཞིའི་མགོ་བརྩམས།
 

3
སོས་ཀའི་དྲོད་འཇམ་གྱི་རླུང་བུ་ཕ་ཡུལ་གྱི་ཉིན་སྲིབ་ཀུན་ཏུ་རྒྱུ་ཞིང་། ལྗང་མྱུག་དག་གིས་ས་ཤུན་བརྟོལ་ཏེ་གཅིག་རྗེས་གཉིས་མཐུད་དུ་འབུས་བྱུང་། སྡེ་བའི་མ་ཎི་ཁང་གི་གཡས་ཕྱོགས་སུ་གཞུང་ལམ་ཞིག་གྱུ་གྱུའི་ངང་རི་བོའི་ཕྲག་པར་འཐེན་ཡོད་ཅིང་། ལན་རེར་ཁལ་མ་འགའ་ལམ་ཕྲན་དེ་བརྒྱུད་ནས་ཡོང་སྐབས། མ་ཎི་ཁང་གི་སྒོ་འགྲམ་གྱི་རྡོ་སྟེགས་སུ་གྲལ་བསྒྲིགས་པའི་ལོ་ལོན་ཚོས་སུ་ཚང་གི་ཁྱིམ་མི་སླེབས་པར་ཚོད་དཔག་བྱེད་བཞིན་འདུག 
གཟའ་ཉི་མའི་ཕྱི་དྲོ་དེར་སྦྲང་ཆར་ཟམ་ཟིམ་ཞིག་བབ་ནས་འབྲུག་སྒྲ་ཞིག་ལྡི་རུ་རུ་གྲགས་བྱུང་། བློ་གྲོས་སྔར་བཞིན་འཁོར་ཁང་གི་སྒོ་རུ་ངལ་གསོ་བྱས་ནས་བསྡད་འདུག ཁོས་འབྲུག་སྒྲ་ཚོར་བ་ན་“སྒོ་ཡང་སྒོ་ཡང་། རྡང་སྒུལ་རྡང་སྒུལ། ཆ་ཆ་སྙན་སྙན། ས་སོས་ས་སོས། རྒྱབ་དྲོ་རྒྱབ་དྲོ། ཕོ་བརྒྱག་ཕོ་བརྒྱག” ཞེས་བཏོན་བྱུང་། དེ་ནས་རིམ་གྱིས་མ་ཎི་ཁང་གི་སྒོ་ཁ་རུ་ལོ་ལོན་རྣམས་འདུས་ནས་ད་ལོའི་ཆར་ཆུ་དང་ལོ་ཏོག ཕྱུགས་རིགས་ཀྱི་འཕེལ་ཁ་སོགས་ཀྱི་སྐོར་ནས་ཁ་བརྡ་བྱས་བྱུང་།
ཆར་བ་དེ་ཡོངས་སུ་ཐང་རྗེས་མདུན་ཕྱོགས་ཀྱི་སྤང་ཐང་དུ་འཇའ་ཚོན་སྣ་ལྔ་ཞིག་བཀྲ་བྱུང་།“ འཇའ་སྣེ་སྤང་ལ་ཟུག་ན་སྤང་མ་ཐེད་བར་དུ་འབབ”ཞེས་པའི་ཁ་དཔེ་ལྟར་རྒན་པ་ཚོས་ཀྱང“ ད་ལོ་ཆར་ཆུ་མོད་པོ་རེད”ཅེས་ཕན་ཚུན་ཁ་བརྡ་བྱེད་བཞིན་མཆིས། ཕྱི་རོལ་ན་ཤོག་བྱ་སྤུར་བཞིན་པའི་པ་སངས་གློ་བུར་དུ་མ་ཎི་ཁང་གི་ཕྱོགས་སུ་གཟས་ཏེ་བརྒྱུག་ཡོང་། ཁོས་ལམ་ཕྲན་གྱི་སྟེང་དུ་སྒྲ་ཆེན་གྱི་གནམ་ས་འགང་བའི་འཕྲུལ་ཆས་ཤིག་ཡོང་བཞིན་པ་མཐོང་ནས་འཁོར་ཁང་གི་ལོ་ལོན་ཚོར་རིག་ལྡན་ལྕགས་འཁོར་ཅན་སླེབས་བྱུང་ཞེས་སྐད་བརྒྱབ་པ་ན། ལོ་ལོན་རྣམས་ཀྱང་དངངས་སྐྲག་དང་ཞེད་སྣང་གི་ཡོངས་སུ་བསླངས་ཏེ་གཅིག་རྗེས་གཉིས་མཐུད་དུ་ཡར་ལངས་ཏེ་འཁོར་ཁང་ནས་ཕྱི་རུ་བུད་བྱུང་། དངོས་འབྲེལ་ཡུལ་ལུང་ཁེངས་བའི་སྒྲ་ཆེན་ཞིག་རི་ལུང་ཚལ་བར་གཤེགས་ཏེ་སླེབས་བྱུང་། བློ་གྲོས་ཀྱིས་མིག་ཟུང་འཕུར་བཞིན་རྒྱང་རིང་ལ་ཡིད་ཙམ་ཅེར་ནས“ལྟས་ངན། ངོ་མ་ལྟས་ངན་རེད། ངེད་གེ་འཕན་གྱི་མི་རིང་མི་རྒྱུད་ལ་འདི་འདྲའི་ཐན་རྟགས་ངན་པ་མཐོང་བ་མི་དགོས་བཤད་མཁན་ཡང་མེད། ད་ནི་དངོས་འབྲེལ་དུས་ངན་ཚེ་ལོ་བཅུ་པར་ཐོན་ལ་རེད། ད་ཚང་མ་བྲོ། དུས་ངན་གྱི་འཇིགས་པ་སླེབས་བྱུང་ཟེར་བཞིན”འཁོར་ལོ་རུམ་ལ་བཅུག་ཏེ་འབྲོ་གྲབས་བྱས་པ་ན། 
ཕུར་ལྷས“ཨ་ཙི་ཁྱོད་ཀྱིས་རིག་ལྡན་ལྕགས་འཁོར་གྱི་འོག་ནས་མ་ཤི་ན་དམྱལ་བའི་སྡུག་བསྔལ་མྱང་དགོས་ཟེར་བ་མ་ཡིན་ནམ”ཞེས་བཤད་དེ་སྤོབས་པ་དང་བཅས་དེ་གཞུང་ལམ་གྱི་ཕྱོགས་སུ་ཆས། བསམ་བློ་སྣེ་གཉིས་སུ་གྱེས་པའི་ལོ་ལོན་རྣམས་དོན་དམ་པར་གང་ཕྱོགས་སུ་འགྲོ་དགོས་པ་མ་ཤེས་པར་ཡིད་ཙམ་ལ་ལུས་པ་ན། འུར་སྒྲ་ཆེ་ཆེར་སྒྲོག་པའི་འཕྲུལ་འཁོར་དེ་ཁོ་ཚོ་དང་ཉེ་སར་སླེབས་བྱུང་། མགོའི་ལྕགས་སྒམ་གྱི་ནང་ནས་མི་ཞིག་གི་དུང་བརྡ་ཞིག་བུས་བྱུང་། ཚང་མ་འཇིགས་ཡེར་ཡེར་གྱི་ངང་ནས་ཕར་ལྟ་ཚུར་ལྟ་བྱེད་སྐབས། བྱིས་པ་ཚེ་རིང་གིས“ངེད་ཚང་གི་ཨ་ཕས་རིག་ལྡན་ལྕགས་འཁོར་ཅན་བསྐོར་ནས་སླེབས་བྱུང”ཞེས་མདའ་འཕངས་བ་ལྟར་འཕྲུལ་ཆས་དེའི་ཕྱོགས་སུ་བརྒྱུགས་སོང་།ཕུར་ལྷས“ཚེ་རིང”ཞེས་ཇི་ལྟར་བོས་ཀྱང་ཁོས་རྣ་བ་མི་གཡར་བར་མདུན་ཕྱོགས་སུ་བརྒྱུགས་སོང་།དེ་ལྟར་མོ་ཡང་ཞེད་སྣང་དང་ཡོངས་སུ་བྲལ་ནས་ཚ་བོའི་རྗེས་སུ་བསྙེགས།
“ཨ་ཕ།   དཀའ་བྱུང་ངམ།”
“གཅེས་ཕྲུག   དཀའ་མ་བྱུང་། ཨ་ཕྱི་བོས་དང་ང་ཚོ་ཁྱིམ་ལ་འགྲོ། ཨ་ཕས་ཁྱོད་ལ་རྩེད་ཆས་སྣ་ཚོགས་ཉོས་ཡོད།”
ཚེ་རིང་གིས་ལྟ་ཉན་མི་ཁོམ་པར་ཁ་ཕྱིར་འཁོར་དེ“ཨ་ཕྱི”ཞེས་འབོད་ཞོར་དུ་འཁོར་ཁང་གི་ཕྱོགས་སུ་མདའ་འཕངས་པ་ལྟར་བརྒྱུགས། ཕུར་ལྷའང་རང་གི་ཚ་བོའི་རྗེས་སུ་བརྒྱུགས་ནས་འཕྲུལ་འཁོར་དེའི་ཐག་མི་རིང་སར་སླེབས་འདུག དེ་ནི་རང་གི་མིག་ལྟར་གཅེས་པའི་ཚ་བོ་དེ་འཇིགས་རུང་འཕྲུལ་འཁོར་དེ་ཡིས་འོག་ནས་ཤི་བར་སྐྲག་པ་ཡིན་ལ། དེ་ལྟར་རང་ཉིད་ཀྱང་དེ་ཡི་འོག་ཏུ་ཤི་མ་ཐུབ་ན་གསོན་ནས་འདུག་བཟོད་མེད་ལ། ཕྱོགས་གཞན་ཞིག་ནས་དེ་སྔོན་རང་ཉིད་ཀྱིས་བསགས་པའི་སྡིག་པ་ཞིག་ཡིད་ལ་ཝ་ལེར་དྲན་བྱུང་། དེ་ནི་མོ་རང་ལོ་ན་ཆུང་དུས། རྒས་བསམ་པ་ཡིད་ན་མེད་སྐབས་སུ། མཐོ་རིས་བོ་བཀྲ་རྣམ་དང་ཁོང་གཉིས་ཀྱིས་བརྩེ་བའི་མྱུ་གུ་འབུས་སའི“ཀླུ་མིག”གི་འགྲམ་ནས་ཆུ་འཆུ་སྐབས། མ་བསམ་ས་ནས་སྦལ་བ་ཁྲ་ཁྲ་ཞིག་རྐང་འོག་ནས་གཅུར་ལ། སྦལ་བས་མིག་གཉིས་ཕྱི་རུ་ཅེར་ནས་ཡོད་པར“ཤི་མིག་གསོན་ལ་བལྟས་འདུག”ཅེས་བཀྲ་རྣམ་གྱིས་མོར་ལྟས་ངན་བོས་པས་མོར་རྣམ་རྟོག་ཆེ་ཆེར་སྐྱེས། ཉིན་དེ་ནས་ད་ལྟའི་བར་དུ་མོ་བཀྲ་མི་ཤིས་པའི་རྟགས་མཚན་དུ་མ་དང་འབྲལ་མ་མྱོང་ལ། མཐོ་རིས་བོ་ཤི་བའི་སྐབས་སུའང་ལྟས་ངན་པའི་རྟགས་མཚན་རེ་ཡོད་ནའང་དེ་ནི་མོ་རང་ཉིད་ལས་གཞན་པས་མི་ཤེས་པས་གསང་བ་ལྐོག་གྱུར་ཅིག་ཏུ་གྱུར་ཡོད། ཡང་བསྐྱར་བསམ་བློ་རེ་བཏང་ན“མ་ཤེས་ས་ནས་ཕ་གསོད།། མ་རིག་ས་ནས་གསེར་བགོམས།།”ཟེར་བ་མ་ཡིན་ནམ། དེ་ནི་མོས་བསམ་གཟས་ནས་བསད་པ་མ་ཡིན་ལ། “ཚེ་ཟད་གྲོག་མ་ཡར་ཡོང་དང་།། སྡིག་ཅན་རྡོ་ལི་ཐུར་འདྲིལ”གཉིས་ཐུག་པ་མ་ཡིན་ནམ། དེ་འདྲའི་སྟོང་འདང་ཞིག་གི་ཀློང་ནས་ཡིད་ཙམ་ལ་ཤིང་སྡོང་བཞིན་གཡོ་འགུལ་མེད་པར་ལུས་ལ། ཚ་བོས་ཐེངས་འགར་བོས་པས་ད་གཟོད་གསལ་ལ་མི་གསལ་བའི་སྒྲ་ཞིག་རྣ་བའི་བུ་ག་རུ་བསིལ་རླུང་ཞིག་དང་ལྷན་དུ་ལྡང་ནས། གློ་བུར་དུ་བསམ་གཞིག་གི་ཀློང་ནས་ཕྱིར་སླེབས་བྱུང་།
“ཨ་ཙི། ཚེ་རིང་། ངའི་གཅེས་ཕྲུག  ཁྱོད་གང་ལ་བརྒྱུགས་སོང་། ”ཞེས་མིག་ཟུང་འཕུར་བཞིན་རབ་རིབ་ཏུ་གྱུར་བའི་མིག་ཟུང་ལས་རྒྱུས་མེད་ཀྱི་འཕྲུལ་འཁོར་གྱི་གཟུགས་དབྱིབས་ཤིག་གསལ་ལམ་མེར་ཤར་ལ། དེ་ལས་རིག་ལྡན་ལྕགས་འཁོར་ཅན་ཞེས་པའི་འཇིགས་སུ་རུང་བའི་ལས་མཁན་ཞིག་ཀྱང་མིག་མདུན་དུ་རབ་རིབ་ངང་ཤར་ནས་མོར་དངངས་སྐྲག་གི་ཁོང་འདར་ཞིག་རང་དབང་མེད་པར་བརྒྱབ་བྱུང་།
“ཨ་ཕྱི། ཨ་ཕ་སླེབས་བྱུང་། ཁྱོད་ལ་མྱུར་དུ་འགྲོ་ཟེར།” ཁོ་དགའ་ནས་ས་ལྡིང་གནམ་ལྡིང་བྱེད་བཞིན“ཨ་ཕས་ད་དུང་ང་ལ་རྩེད་ཆས་སྣ་ཚོགས་ཀྱང་ཉོས་ཡོད།”ཞེས་ཡང་བསྐྱར་སྔོན་ལ་མདའ་འཕངས་པ་ལྟར་བརྒྱུགས་སོང་།
ཕུར་ལྷས་རང་གི་རྣ་བར་ཡང་ཡིད་མི་ཆེས་པ་བཞིན། “གང་ན་ཁྱོད་ཀྱི་ཨ་ཕ་འདུག འདྲེ་འབོད་མ་བྱེད”ཟེར་བཞིན་ལོ་ཟླས་ཕབ་པའི་རྒས་གཉེར་གྱི་འོག་གི་མིག་ཟུང་ལས་ཡང་བསྐྱར་གཟབ་ནན་ངང་འཕྲུལ་འཁོར་དེའི་ཕྱོགས་སུ་བལྟས་བྱུང་།
“དངོས་གནས་སླེབས་འདུག དངོས་གནས་སླེབས་འདུག”ཕུར་ལྷས་གོམས་འགྲོས་ཇེ་མགྱོགས་སུ་བཏང་ནས་མདུན་གྱི་འཕྲུལ་འཁོར་གྱི་ཕྱོགས་སུ་ཆས། 
ཁོ་མོའི་རྒྱབ་ཕྱོགས་ཀྱི་ལོ་ལོན་ཚོས་ཕུར་ལྷའི་བཟོ་ལྟ་ལ་མིག་ཟུང་ཅེར་ནས“གུ་རུ་རིན་པོ་ཆེ་མཁྱེན། གུ་རུ་རིན་པོ་ཆེ་མཁྱེན།”ཟེར་བཞིན་ཡོད་ཚད་འཁོར་ཁང་གི་སྒོ་རུ་ལངས་འདུག
ཀུན་བཟང་འཁོར་སྒམ་ལས་བབ་ཏེ“ཨ་མ། ཁྱོད་ཀྱི་སྐུ་གཟུགས་བདེ་མོ་ཡིན་ནམ”ཞེས་མཚམས་འདྲི་ཞུས་པ་ན། མོའི་སེམས་པ་ད་གཟོད་ཅུང་ཙམ་བདེ་རུ་བབ་ནས། “ང་ཚོ་བདེ་མོ་ཡིན། ཁྱོད་གཉིས་བདེ་མོ་ཡིན་ནམ། འདི་ཅི་ཞིག་རེད”ཅེས་མཛུབ་མོ་གེར་བཞིན་དེ་ལྟར་དྲིས།
འདི“རླངས་འཁོར”རེད། “རླངས་འཁོར་དུ་སྡོད་དང་ང་ཚོ་ཁྱིམ་ལ་འགྲོ།”
“མིན། ང་རྐང་ཐང་ལ་ཐོན་ཡོང་།” ཕལ་ཆེར་ཁོ་མོ་འཕྲུལ་འཁོར་དེར་ཡིད་མི་ཆེས་པ་བཞིན་དེ་ལྟར་བཤད་ཞོར་ཚེ་རིང་ལ་ལག་བརྡ་འགའ་བཏང་། འོན་ཀྱང་ཚེ་རིང་སྔ་ས་ནས་རླངས་འཁོར་གྱི་འཁོར་སྒམ་དུ་འཛུལ་ཟིན། ཁོས་ལག་པ་གཡུག་བཞིན་ཨ་ཕྱི་ལ་བདེ་མོ་འཇོག་པའི་རྣམ་འགྱུར་བསྟན་བྱུང་། ཨ་ཕྱི་དོགས་མི་བདེ་བའི་ཚོར་སྣང་ཞིག་དང་ལྷན་དུ་སྔར་བཞིན་ཁེར་རྐྱང་ངང་ཕར་གཡོན་ཚུར་གཡོན་བྱས་ནས་རང་ཁྱིམ་ལ་ལོག


4
དུད་སྨིག་དཀྲིགས་པའི་གྲོང་ཁྱེར་འདིར་ཡོད་ཚད་བྲེལ་འཚུབ་ངང་རྒྱུག་ལ། ཐ་ན་ཇ་ཅ་ནེ་གང་ཡང་ལྷོད་ལྷོད་བྱས་ནས་འཐུང་མཁན་ཕལ་ཆེར་མེད། དོན་འགྲུབ་ཀྱིས་བརྙན་འཕྲིན་འཕྲིན་ལམ་ནས་དབྱར་དུས་འདིར་ས་ཕྱོགས་སོ་སོར་རི་ཉུལ་དང་ཤ་འོད་སོགས་རང་བྱུང་གི་འཇིགས་པས་མི་དང་སྲོག་ཆགས་ཀྱི་ཚེ་སྲོག་ལ་བར་ཆད་འབྱུང་བ་དག་མཐོང་འཕྲལ། ཁང་བརྩེགས་ཉི་ཤུའི་སྟེང་གི་གཞུང་དོན་ཁང་ལས་ཕྱི་རོལ་གྱི་ཁང་བརྩེགས་རྣམས་ལ་མིག་ཉུལ་ཐེངས་གཅིག་བྱས་པ་ན། མཐོ་དམའ་མི་སྙོམ་ཅིང་གཅིག་ལས་གཅིག་མཐོ་བའི་ཁང་བརྩེགས་དག་ཤེལ་གྱི་ལྷུན་པོ་ཞིག་དང་འདྲ་བར་རྩེ་མོ་དགུང་ལ་བསྙེགས་ནས་འདུག ཁོ་བོའི་སེམས་སུ་རང་བྱུང་གི་འཇིགས་པ་ཞིག་གྲོང་ཁྱེར་འདིར་སླེབས་ཚེ་གྲོང་ཁྱེར་གྱི་མི་ཚོགས་ནི་ཤི་བ་ཁོ་ན་ལས་གཞན་ཐར་བའི་ལམ་ཞིག་རྙེད་མི་ཐུབ་བསམ་ནས་དངངས་སྐྲག་གི་ཁོང་འདར་ཞིག་བྱས་བྱུང་ལ། གློ་བུར་ཕ་ཡུལ་གྱི་ཨ་མ་དང་སྤུན་ཟླ་སོགས་ཡིད་ལ་དྲན་བྱུང་། ཕ་ཡུལ་གྱི་རྩྭ་ཐང་དང་སྦྲ་ནག་སོགས་རེ་རེ་བཞིན་མིག་ལམ་དུ་ཤར་དུས་
རང་ཉིད་ཀྱང་ཕ་ཡུལ་ལ་འགྲོ་འདོད་ཀྱི་སེམས་པ་ཞིག་འགོག་མེད་དུ་སྐྱེས་བྱུང་ལ།  ཉེན་ཁ་ཆེ་ཞིང་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་རྒྱང་དུ་གྱེས་ན་འདོད། གཞུང་དོན་ཁང་གི་གྱང་ངོས་སུ་བཀལ་བའི་ཆུ་ཚོད་འཁོར་ལོའི་མདའ་ཁབ་ཀྱི་ཐག་སྒྲ་དེ་ངའི་སྙིང་གི་འཕར་རྒྱུན་དང་འགྲོགས་ནས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བའི་སྣང་བ་ཞིག་སྟེར་ལ། ཐག་སྒྲ་དེས་ང་ལ་དུས་ཚོད་ནི་གཙང་བོ་བཞིན་བར་མེད་དུ་བཞུར་འགྲོ་བའི་བརྡ་རྟགས་ཤིག་སྟོན་པ་དང་གཉིས་སུ་མེད། ད་ནི་ང་རང་ཡང་ཕོ་ལོ་བརྒྱད་ལྔ་བཞི་བཅུར་ལོན་ཟིན། གཞོན་དུས་དགའ་བའི་ཆུང་མ་མ་བླངས་ཞིང་དྲིན་ཆེན་ཕ་མར་དྲིན་ལན་མ་འཇལ། དུས་ད་ལྟའི་འདུག་ཆས་དང་ཚེ་ཕྱི་མའི་འགྲོ་ཆས་སོགས་ཅི་ཡང་འགྲུབ་མེད་པའི་ང་རང་། ཟ་ཉལ་ཁོ་ནས་གཞོན་དུས་ཀྱི་ལང་ཚོ་འདའ་ལ་སྤྱི་དོན་ཡིན་ཁུལ་གྱི་བྱ་བ་ཙག་ཙིག་རེ་སྒྲུབ་པར་ཟོས་ཤིང་ཟོས་ལ། འཐུང་ཞོར་བསྐྱུག་པའི་ངང་ཚལ་དག་དྲན་འཛིན་ངོས་སུ་གསལ་ལམ་མེར་ཤར་དུས། མིག་མདུན་གྱི་ཁང་བརྩེགས་ཀྱང་མེ་ལོང་ངོས་སུ་ཧ་བཏབ་པ་བཞིན་རབ་རིབ་དང་མག་མོག་ཏུ་གྱུར།
གློ་བུར་དུ་མི་ཞིག་གིས་ངའི་སྒོ་མོ་རྡུང་བ་ཐོས་པས།ཁོས“སུ་ཞིག་ལས་མཚམས་གྲོལ་བར་ཉེ་དུས་སླེབས་སྲིད་དམ།”ཞེས་ཁེར་ལབ་ཅིག་བརྒྱབ་ཏེ་སྒོ་ཕྱེ་པ་ན། ཚོང་དཔོན་ཀྲང་དང་ཁོང་གི་དྲུང་ཡིག་པས་ལག་ཏུ་ཡིག་ཚགས་ཁུག་མ་འགའ་བཟུང་ནས་འགྲེང་ནས་བསྡད་ཡོད་པ་མཐོང་བྱུང་བ་དང་།ཡོང་མཁན་གྱིས“དཔོན་པོ་ལགས། ང་ཁྱེད་ཀྱི་གམ་དུ་ཡོང་དོན། དེ་སྔོན་གྱི་ལས་གཞིའི་སྐོར་གྱི་དོན་དག་ཅིག་སྙན་སེང་ཕུལ་དུ་འོང་བ་ཡིན”ཟེར་བཞིན་ནང་དུ་འཛུལ་བྱུང་། ངས་ཁོང་གཉིས་ནེམ་ཁྲིར་སྡོད་པར་སྐུལ་བའི་ཉམས་ཤིག་བསྟན་པ་ཡིན་ལ།ཚོང་དཔོན་ཀྲང་གིས་ཨམ་ཕྲག་ལས་དུ་བ་ཞིག་བླངས་ནས་ང་ལ་སྟེར་ཞོར་དུ“ཉིན་འགའི་སྔོན་ནས་ང་ཚོ་ཁྱེད་ཀྱི་ཕ་ཡུལ་དུ་སོང་བ་ཡིན། ས་བབ་བཟང་ཞིང་ས་གཤིས་ལེགས་པས་ཆུ་གློག་ས་ཚུགས་འཛུགས་པར་དཀའ་ལས་ཆེན་པོ་མེད་ནའང་། ཡུལ་མི་ཚོས་ང་ཚོར་མདུན་རིའི་རྒྱབ་ཕྱོགས་ནས་ས་རྐོ་རྡོ་སློག་བྱས་ན་ལྷ་ཀླུར་གནོད་པ་འགྲོ་ལ། ལྷག་པར་ཡུལ་དེའི་ཡུལ་ལྷ་གཞི་བདག་རྫ་རྒྱལ་ཁྲ་ཕྱུག་ལ་གནོད་པ་སོང་ཚེ། མི་ལ་ན་ཚ་དང་ཕྱུག་ལ་གོད་ཁ་འབྱུང་བས་ས་དེ་ནས་ཆུ་གློག་ས་ཚུགས་བཙུགས་མི་ཆོག”ཅེས་བཀག་བྱུང་།
ངས་གློ་བར་དུ་དེ་སྔོན་བླ་རྒན་བློ་གྲོས་ཀྱི་བཤད་པའི“འོ།  དེ་བཟང་ན་ཐང་མོད། འོན་ཀྱང་ས་རྐོ་རྡོ་སློག་བྱས་ནས་རང་ཡུལ་གྱི་ལྷ་ཀླུར་འགལ་བ་གཏོང་མི་རུང”ཞེས་པའི་སྐད་ཆ་དེ་ཡང་བསྐྱར་རྣ་ལམ་ནས་ཐེངས་གཅིག་གྲགས་བྱུང་། དངོས་འབྲེལ་ཡུལ་མི་ཚོར་འཛུགས་བསྐྲུན་སྐོར་གྱི་གལ་ཆེན་རང་བཞིན་ཅན་རེ་མ་བཤད་ན་ཁོ་ཚོ་བག་ཆགས་ཤིག་གི་དབང་དུ་སོང་ནས་དུས་རབས་གསར་བའི་རྫས་འཕྲུལ་མང་པོ་ཞིག་དང་ལེན་བྱེད་མི་ཐུབ། 
“སང་ཉིན་ང་ཚོ་ཕ་ཡུལ་ལ་འགྲོ། དོན་དག་དེ་ཚོར་ཇི་ལྟར་ཐག་གི་གཅོད་དགོས་ངས་བསམ་བློ་བཏང་ཆོག ”
“ལགས་སོ།། ངེད་གཉིས་ལ་ད་དུང་དོན་དག་གཞན་པ་རེ་ཡོད་པས། ཕྱི་རོལ་ཏུ་འགྲོ་རྒྱུ། སང་ཉིན་མཇལ།”གཉིས་ཀ་ནེམ་ཁྲི་ལས་ལངས་ཏེ་འགྲོ་གྲབས་བྱས།
“ཡ། དེ་ན་སང་ཉིན་མཇལ། ”
ངས་ཁོ་གཉིས་སྒོ་འགྲམ་གྱི་གློག་སྐས་ཁར་བསྐྱལ་ནས་སླར་ཡང་ཕྱིར་གཞུང་དོན་ཁང་དུ་སླེབས་པ་ན་གྱང་ངོས་ཀྱི་ཆུ་ཚོད་འཁོར་ལོས་མདའ་ཁབ་ཀྱི་ཐག་སྒྲ་དེས་ཡང་བསྐྱར་ང་ལ་གསལ་བརྡ་ཞིག་གནང་བྱུང་། དེ་ནི་ལས་མཚམས་ཞོག་ཅེས་པའི་བརྡ་རེད། ངས་ཅོག་ཙེ་སྟེང་གི་དུ་བ་འཐེན་འཕྲོ་དག་སྙིགས་ཟོམ་དུ་འཕངས་ལ། སྒེའུ་ཁུང་གི་ཡོལ་བ་འཐེན། སྒོ་ཟྭ་དམ་པོར་བརྒྱབ་ནས་རང་ཁྱིམ་དུ་ལོག


5
གསེར་མདོག་གི་ཉི་མས་འཛིན་མའི་སྟེང་གི་སྐྱེ་དངོས་མཐའ་དག་སྲེག་པར་འདོད་པ་བཞིན་དྲོད་ལམ་ལམ་གྱི་འོད་ཟེར་ཅིག་ཕ་ཡུལ་གྱི་རི་ལུང་ཀུན་ལ་འཕྲོས་ཤིང་། ཡོད་ཚད་ཉབ་ཉོབ་ཏུ་གྱུར་ལ། ཀྱག་ཀྱོག་གི་གཞུང་ལམ་དེའང་སྲད་དེ་སྲ་མོར་གྱུར་ཡོད། ཉི་མ་དང་ཆེས་ཁ་ཐག་ཉེ་བའི་མདུན་རི་རྫ་རྒྱལ་ཁྲ་ཕྱུག་གི་དབུ་རྩེ་ཡི་ཅོད་པན་ལྟ་བུའི་རླུང་རྟ་དག་ཀྱང་ཉི་དུག་གིས་མནར་བ་བཞིན་གཡོ་འགུལ་མེད་པར་ཁ་རོག་གེར་གནས་འདུག 
དེ་རིང་ཡུལ་ཚོའི་འཁོར་ཁང་གི་བར་ཁྱམས་ན་ལོ་ལོན་ཚོས་གསར་འགྱུར་གསར་བ་ཞིག་བཤད་ཀྱིན་འདུག དེ་ཡང་ཕུར་ལྷ་ཚང་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཅིག་རེད། སྔར་ལྟར་བླ་རྒན་བློ་གྲོས་ཀྱིས་རྫབ་རྫུབ་ཏུ་གྱུར་བའི་ལག་པ་གཡོན་མའི་མཐེ་བོང་གིས་ཕྲེང་རྡོག་རེ་རེ་བཞིན་བགྲེང་ལ། གྱེན་དུ་ལངས་ཤིང་ཟིང་ཟིང་དུ་གྱུར་བའི་སྐྲ། འབར་འབུར་དང་ནག་ནོག་གི་དྲི་མ་འགོས་པའི་པའི་ཞལ་ངོ་། ཆད་ལྷག་ཤོར་ཞིང་སེར་པོར་གྱུར་པའི་སོ་ཡི་བར་ནས་ཡང་ཕུར་ལྷའི་རྣ་བར་གཟན་པའི་སྐད་ཆ་ཞིག་བཤད་བྱུང་། དེ་ནི་ཁོས་བུ་ཆེ་བའམ་སྡེ་མིས་རྒྱུན་དུ་ལས་བྱེད་པ་དོན་འགྲུབ་ཀྱི་སྐོར་གྱི་སྐད་ཆ་ཞིག་རེད།
“ལྟས་ངན། ངོ་མ་ལྟས་ངན་རེད། ངེད་གེ་འཕན་གྱི་ཕ་ཚེ་བུའི་རིང་། བྱ་ཚེ་སྒྲོའི་རིང་ལ་བླ་རི་བཤིག་ནས་འཛུགས་སྐྲུན་དང་ཕ་ས་བཙོང་ནས་རང་ཁ་གསོ་མ་མྱོང་།དེང་སང་ལོ་ཆུང་འགའ་རེ་ཡིས་ཚན་རིག་སྤེལ་དགོས་ཟེར། རིག་གནས་སྦྱང་དགོས་ཟེར་ནས། བྱིས་པ་ཆུང་ཆུང་ཚོར་ཕ་ཤུལ་སྐྱོང་གི་མི་འཇུག་པར་སློབ་གྲྭར་བདའ། ”དཀོན་མཆོག་མཁྱེན་ཟེར་བཞིན་མགོ་བོ་དགྱེ་དེ་མིག་ཟུང་བཙུམ་ནས་གསོལ་བ་འདེབས་ཀྱིན་མཆིས།དེར་ཡོད་ཀྱིས་ལོ་ལོན་རྒན་པ་ཚོས་ཀྱང་ཁོས་བཤད་པའི་སྐད་ཆར་གནས་ལུགས་ལྡན་པའི་བརྡ་རུ་མགོ་བོ་གཡུག་བཞིན་མ་ཎི་བགྲང་གིན་འདུག དོན་དངོས་སུ་ཕུར་ལྷའི་རྣ་བ་དེ་འདྲའི་གསལ་མོ་ཞིག་མིན་ནའང་།དེ་རིང་བློ་གྲོས་ཀྱི་སྐད་ཆ་དག་གསལ་ལྷང་ངེར་ཁོས་སྒྲ་འཛིན་གྱི་བུ་ག་རུ་དལ་གྱིས་གྲག་བྱུང་བས་མོས་སེམས་ལ་མ་སོང་བས་སྐད་ཆ་ཅི་ཡང་མ་གོ་བ་བཞིན་ཕར་འཁོར་ནས་མ་ཎི་བགྲང་གིན་འདུག གློ་བུར་དུ་ཁོ་ཚོས་མདུན་ཕྱོགས་ཀྱི་ལམ་ཕྲན་སྟེང་ནས་འུར་སྒྲ་སྒྲོག་བཞིན་རྡུལ་ནག་འཕྱུར་ཏེ་འཕྲུལ་འཁོར་ལྗང་གུ་ཞིག་སླེབས་བྱུང་། བློ་གྲོས་ཅུང་ཞེད་པའི་ངང་ནས“ཨ་ཙི། དམར་དམག་སླེབས་བྱུང་། ”འཁོར་ཁང་ནང་གི་རྒན་པ་ཡོད་ཚད་ཁང་བའི་སྒོ་ཁ་རུ་བུད་བྱུང་། “དམར་དམག”ཞེས་པའི་མིང་ཚིག་ནི་ཁོ་ཚོར་ཆ་རྒྱུས་ཤིན་ཏུ་ཆེ་བས་ལོས་ཡིན། 
རླངས་འཁོར་དེ་ཤར་གཏོང་གིས་ཡུལ་ཚོའི་ར་སྐོར་གྱི་ནང་དུ་འཛུལ་སོང་། མདུན་ཕྱོགས་ཀྱི་སློབ་གྲྭའི་ནང་ནས་དྲིལ་བརྡ་ཞིག་སི་ལི་ལི་གྲག་བྱུང་།དེ་ནི་ལོ་ལོན་ཚོར་མཚོན་ན་གསལ་བརྡ་གལ་ཆེན་ཞིག་ཡིན། ཚང་མས་རྣམ་ཤེས་རླངས་འཁོར་ལྗང་གུ་ལས་ཚུར་རང་རང་གི་བེམ་པོའི་ནང་དུ་བཀུགས་ནས་མཇུག་མཐའི་སྐོར་བ་རེ་རྒྱག་ཞོར་བསྔོ་བ་སྨོན་ལམ་བྱེད་ཀྱིན་རང་རང་གི་ཁྱིམ་གྱི་ཕྱོགས་སུ་སོང་།


6
ཕྱི་དྲོ་དེར་ཉི་མའི་ཚ་གདུག་ཆུ་འཛིན་གྱི་ཕག་ནས་ཉམ་ཆུང་ངང་མངོན་ཙམ་ལས་མི་གདའ་ལ། བསིལ་འཇམ་གྱི་སྦྲང་ཆར་ཞིག་བབ་པ་ན་སྐྱེ་འགྲོ་མཐའ་དག་ལ་བདེ་སྐྱིད་ཀྱི་སྣང་བ་ཟབ་མོ་ཞིག་ངང་ངམས་ཤིག་ཀྱིས་སྟེར་བྱུང་། 
ཡུལ་ཚོའི་མགོ་དཔོན་གྱིས་རྨེ་ཆེན་གྲོང་ཚོའི་ཡུལ་མི་རྣམས་ཚོགས་འདུ་རུ་སླེབས་དགོས་པའི་བརྡ་ཞིག་བཏང་བ་ན། ཡུལ་ཚོ་དེར་ཡོད་པའི་ཕོ་མོ་རྒན་གཞོན་ཚང་མས་དོན་དག་ཆེ་བཞག་ཆུང་བསྐྱུར་གྱིས་ཡུལ་ཚོའི་ར་སྐོར་ནང་དུ་སླེབས་བྱུང་།ད་ཐེངས་ཁོ་ཚོར་དེ་འདྲའི་དུས་ཚོད་དམ་འཛིན་གྱི་འདུ་ཤེས་ཤིག་ལྡན་པ་ནི་ཉིན་འགའི་སྔོན་ནས་ཁོ་ཚོར་དབུལ་བོའི་ཁྱིམ་ཚང་དག་ལ་སྨན་རིན་རོགས་དངུལ་དང་འཚོ་བའི་ཁ་གསབ་ཀྱི་གནང་སྦྱིན་འགའ་ཡོད་པའི་གནས་ཚུལ་བཤད་ཡོད་ལ། གལ་ཏེ་རྗེས་ལུས་ཁུར་ན་དེ་ལ་སྐར་མ་གང་ཡང་མི་སྟེར་རྒྱུས་གྲོས་ཆད་བྱས་ཡོད་པས་ལོས་ཡིན། 
ཉིན་གུང་དེར་བླ་རྒན་བློ་གྲོས་ཀྱིས་ཇ་ཅ་ནེ་གང་ཡང་འཐུང་འདོད་ཀྱི་སེམས་ཁམས་མེད་པར་གྱུར། དེ་ནི་ད་ཅི་མཐོང་བའི་རླངས་འཁོར་ལྗང་གུ་དེས་རྐྱེན་གྱིས་རེད། ཁོས་སྔོན་ཆད་རང་སྟེང་དུ་མྱོང་བའི་སྡུག་བསྔལ་འགའ་སེམས་ལ་དྲན་བྱུང་། ཤ་རྒོད་སྟེང་གི་མེ་བཙའ་དེ། ཕོ་རང་ཉིད་མིན་པར་ཤེས་པ་དཀའ་ཞེས་པ་ལྟར། ཁོས་རིག་གསར་གྱི་སྐབས་སུ་ངོ་ལོག་བྱས་ནས་ཡུན་རིང་ངང་རི་མགོ་ནས་གཅན་གཟན་གྱི་འཚོ་བ་རོལ་བ་དང་རྗེས་ནས་བཅངས་གྲོལ་བྱས་སྐབས་ཁོ་རང་གུང་ཁྲན་ཏང་ལ་མགོ་བཏགས་ནས་ཁྲིམས་ཁང་དུ་སོང་བ་རེད། སྐབས་དེར་རྒྱུན་དུ་མཐོང་བ་ནི་དེ་རིང་གི་མཐོང་བའི་རླངས་འཁོར་ལྗང་གུ་དེ་ཡིན་པས་ཁོས་སེམས་སུ་དེ་རིང་ཡང་ཡུལ་ཚོ་ནས་ལས་འགུལ་གང་རུང་ཞིག་སྤེལ་ངེས་རེད་བསྙམ་བཞིན་པའི་མུ་དེར། ར་བའི་ཕྱི་སྒོ་ནས་མི་ཞིག་གིས“བློ་གྲོས་ཡུལ་ཚོ་རུ་འཚོགས་འདུ་ཚོགས་སུ་ཤོག་ཟེར། ང་་་་ང་་་་་ཡང་འཚོགས་འདུར་འགྲོ་དགོས་སམ།”ཟེར་བཞིན་ལངས་མ་འགྱེལ་གྱི་ངང་ནས་སྒོར་བུད་པ་ན། མི་དེ་སྔ་ས་ནས་སོང་ཟིན། ཁོས་སེམས་སུ་དོགས་མི་བདེ་མའི་ཚོར་སྣང་ཞིག་གིས་ཡོངས་སུ་ཁེངས་བཞིན་ཐབ་ཁའི་སྟེང་གི་རྫ་མ་དེ་སར་ཕོག་ནས་ཡར་འཁོར་མར་འཁོར་འགའ་བྱས་ནས་སྒོར་བུད་དེ་འགྲོ་གྲབས་བྱས།
“ཨ་ཙི། ཕྲེང་བའང་བརྗེད་འདུག ”ཟེར་བཞིན་ཁེར་ལབ་ཅིག་བྱས་ནས་ཁང་བའི་སྒོ་ཁྲོག་གེར་ཕྱེ་ནས་ཙནྡན་གྱི་ཕྲེང་བ་དེ་སྒེ་ལ་གོན་ནས་ཕྱིར་སླེབས་བྱུང་། ཁོ་རང་ཡུལ་ཚོའི་སྒོ་ཁར་སླེབས་དུས་གྲོང་ཚོ་དེའི་སྡེ་མི་ཡོངས་རྫོགས་སླེབས་ཟིན། ཚང་མས་དེ་རིང་གི་ཚོགས་འདུའི་སྙིང་དོན་ལ་ཚོད་དཔག་བྱེད་བཞིན་འདུག  གློ་བུར་དུ་ཉེན་རྟོག་པའི་དྲག་ཆས་སྤྲས་པའི་མི་ཞིག་གིས་ཚོགས་འདུའི་མགོ་བརྩམས་ནས་འཚོགས་བྱུང་། “ད་ནི་ང་ཚོར་བདེ་སྐྱིད་ཀྱི་ཉི་མ་འཆར་ལ་རེད། ཁྱོད་ཚོས་ཨ་མེ་རི་ཁ་མཐོང་མྱོང་ངམ་”ཞེས་དྲི་བ་དྲིས་བྱུང་།ཚང་མས་མགྲིན་གཅིག་ཏུ“མ་མྱོང”ཞེས་ལན་བཏབ་པ་ན། “ཏག་ཏག་རེད། ང་ཚོའི་ཡུལ་མི་ཁར་ཁེར་རྫོང་ཐོག་ལའང་འགྲོ་མྱོང་ཡོད་པ་མ་རེད། རེད་དེ། ད་ཐེངས་བློ་མཐུན་དོན་འགྲུབ་ཀྱི་རོགས་སྐྱོར་འོག་ང་ཚོར་ཆུ་གློག་གི་ས་ཚུགས་བཙུགས་པ་མ་ཟད། ཟླ་འགའི་རྗེས་ནས་ང་ཚོའི་གློག་བརྙན་ལ་བལྟས་ནས་རྒྱལ་ཁམས་མིག་གི་ལོངས་སྤྱོད་དུ་རོལ་ཆོག ”ཚང་མས་དགའ་བསུའི་ཐལ་མོ་ཐག་ཐག་བརྡབ་བྱུང་།  “གཤམ་དུ་ང་ཚོས་བློ་མཐུན་དོན་འགྲུབ་ལགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན།ཚང་མས་གཟབ་ནན་ངང་གསན་རོགས།”
དོན་འགྲུབ་ནི་སྔར་བཞིན་ཤ་ཟད་རུས་ཟད་དུ་གྱུར་བའི་ཕོ་གསར་ཞིག་ཡིན་ལ། ཁོས་སྡེ་མི་ཡོངས་ལ་མིག་ཉུལ་ཅིག་བྱས་རྗེས་དལ་དལ་ངང“ངས་ཕ་ཡུལ་དུ་ཆུ་གློག་གི་འཛུགས་བསྐྲུན་བྱ་དོན་རང་གི་ཁེ་ཕན་གྱི་ཆེད་དུ་མིན། ཕ་ས་གཏོར་བརླག་གི་ཆེད་དུའང་མིན། ངས་རང་གི་ཡུལ་མི་ཚོས་ཀྱང་རྒྱལ་ནང་གི་མི་དག་གིས་བེད་སྤྱོད་བཞིན་པའི་དངོས་པོ་དག་ཁྱོད་ཚོས་ཀྱང་སྤྱོད་ཐུབ་ན་འདོད་པ་དེ་ཁོ་ན་ཡིན། ད་དུང་འཛུགས་སྐྲུན་འདི་ལེགས་འགྲུབ་ལེགས་པོ་ཡོང་ཐུབ་ན། རྗེས་ཀྱི་ཡོང་སྒོ་མཐའ་དག་ཀྱང་ལོ་རེ་བཞིན་ཡུལ་མི་ཁྱོད་ཚོར་བགོ་བསམ་བཞིན་ཡོད། དེ་ནི་ང་རང་འདི་ནས་ནར་སོན་པའི་དྲིན་ལན་ཙམ་ཡིན། དེའི་ཕྱིར་དེ་རིང་འདི་ན་ཡོད་པའི་ཡུལ་མི་རྣམས་པས་འདི་ལ་རྒྱབ་སྐྱོར་ཡོད་པའི་མིང་རྟགས་རེ་འགོད་དགོས ”ཞེས་ནན་ནན་ཏན་ཏན་ངང་བརྗོད་པ་ན། ཚང་མས་དགའ་སྤྲོའི་ཐལ་མོ་ཐག་ཐག་བརྡབ་བྱུང་། “རྒྱུ་ནོར་ནི་ཅི་འདྲའི་དབང་ཆེན་ཞིག་རེད་དམ། མི་ལ་དབང་བསྒྱུར་མཁན་ཁོ་ན་ནི་སྒོར་མོ་ལས་གཞན་སུ་ཞིག་ཡོད་དམ། སྒོར་མོ། ང་ལ་ཡང་སྒོར་མོ་འགའ་ཐོབ་ན་ཇོ་དར་འགའ་དཔར་དགོས”ཞེས་བླ་རྒན་བློ་གྲོས་ཀྱིས་ཆིག་ལབ་རྒྱག་བཞིན་གྲོས་འཆམ་མིང་རྟགས་འགོད་སར་སླེབས་བྱུང་། དོན་འགྲུབ་ཀྱིས་སྒོར་ཁུག་ལས་སྒོར་བརྒྱ་ཕུད་ནས་ཨ་ཁུ་བློ་གྲོས། འདི་ཡིས་ཁྱོད་ཀྱིས་ཀ་ར་ཞིག་ཉོ་སྤྱད་བྱོས་ཞེས་ཁ་ཡག་འདྲིས་པའི་སྐད་ཆ་ཞིག་བཤད་པ་ན། བློ་གྲོས་ཧ་ལས་ནས་ལག་པ་འདར་འདར་ངང་སྒོར་མོ་དེ་ལེན་དགོས་སམ་མི་དགོས་ཀྱི་སོམ་ཉི་ཞིག་གི་དྲ་བར་ཚུད་ནས་ཅུང་ཙམ་འགོར་བ་ན། དོན་འགྲུབ་ཀྱིས་སྒོར་མོ་དེ་ཁོས་རུམ་དུ་བཅུག་ཟིན། ཟུར་ནས་རྒན་པོ་ཞིག་གིས“ཚེ་རིང་རྒྱུ་བོ་ཁ་དྲོ་བཀྲ་ཤིས། རྗེས་ནས་ང་ཚོ་ལོ་ལོན་ཚོར་ལྟ་རྟོག་རེ་ཁྱོད་ཡིན།”
“ཡ་ཡ། དེ་སེམས་ཁུར་མི་དགོས། ཕ་ཡུལ་ལ་ལམ་དང་གློག་ཡོད་ན། འགྲིམ་འགྲུལ་གྱི་སྟབས་བདེ་བས་ང་རྒྱུན་དུ་ཁྱོད་ཚོར་ལྟ་རུ་ཡོང་ངེས། ཁྱོད་ཚོས་ཕྱི་མར་འགྲོ་བའི་ཆོས་རྣམ་དག་ཅིག་སྒྲུབ་ཐུབ་པར་གྱིས”ཞེས་བཤད་པ་ན། དེ་ལྟར་ཁ་བརྡའི་ཁྲོད་ནས་བླ་གྲོས་ཀྱིས་གྲོས་འཆམ་ཡི་གེའི་སྟེང་དུ་མཛུལ་ཐེལ་དམར་གོ་རེ་ཞིག་བརྒྱབ་ནས་ཕྱིར་སླེབས་བྱུང་། དེ་ལྟར་ཚང་མས་མོས་མཐུན་བྱུང་བའི་མིང་རྟགས་བཀོད་བཞིན་ཕྱིར་རང་གནས་སུ་ཆས་སོ།།
ཕུར་ལྷ་དོན་འགྲུབ་ཀྱི་རྩར་ཡོང་ནས་བྱ་བ་གང་སྒྲུབ་ཀྱང་རང་གིས་སེམས་ཆུང་བྱ་དགོས་པའི་ཁ་ཏ་མང་ཙམ་བྱས་ནས་སླར་ཡང་འཁོར་ཁང་གི་ཕྱོགས་སུ་ཆས།
ཆར་ཟིམ་དེའི་ཁྲོད་ན་དོན་འགྲུབ་ཀྱིས་ཡུན་རིང་མ་མཐོང་བའི་ཨ་མའི་རྒྱབ་གཟིགས་ལ་ཅེར་ནས་ཡུད་ཙམ་འགོར་ལ། དེ་ནས་ཁ་ལོ་པས་འགྲོ་རན་སོང་ཞེས་པའི་དུང་བརྡ་གྲག་པ་ན་ཁོ་ཡང་མྱུར་སྟབས་ཀྱིས་རང་གི་ཁུག་མ་རྒྱབ་ཏུ་ཁུར་ནས་རླངས་འཁོར་གྱི་ཕྱོགས་སུ་ཆས།


7
དོན་འགྲུབ་ལ་མཚོན་ན་ད་ཐེངས་ཕ་ཡུལ་དུ་འོང་བ་ནི་ཆེས་མཐའ་མཇུག་ཏུ་ཕ་ཡུལ་ལ་ལོག་པའོ།། ཁོ་རང་ཕ་ཡུལ་དང་གྱེས་ཏེ་རྫོང་ཐོག་ཏུ་འགྲོ་བའི་ལམ་བར་ནས་དོན་རྐྱེན་ཅིག་བུད་དེ་ཁོ་རང་ཕྱི་མར་ཆས་སོང་། 
ད་ལྟ་འཁོར་ཁང་ཕྱོགས་ཀྱི་རྒན་རྒོན་ཚོས་ཁོར་མ་ཎི་འདོན་ཞོར་དཔྱད་གླེང་སྣ་ཚོགས་ཤིག་བྱེད་ཀྱིན་འདུག  དེ་ནི་དོན་འགྲུབ་ཤི་རྐྱེན་དེ་ལོས་ཡིན། ལ་ལས་ཁོ་རང་དགྲ་བོ་ཞིག་གིས་བསད་སོང་ཟེར། ཡང་ལ་ལས་གཞི་བདག་ལ་གནོད་པ་བྱུང་བ་རེད་ཟེར། ཡང་ལ་ལས་་་་  ་་་་
 

                                      རྩོམ་སྒྲིག་པ། མྱི་གསར་བ།