བར་ཐག

    རྩོམ་པ་པོ། ཀུན་དགའ་དོན་གྲུབ།


བར་ཐག  
བརྩམས་སྒྲུང་།

                    
ཀུན་དགའ་དོན་གྲུབ། བླ་རུང་།

          ____ ང་དང་ཁྱོད་རང་ཤི་གསོན་གྱི་བར་ཐག་གིས་ཆོད་ཅིང་། ཁོ་དང་ཁོ་མོ་རི་ཆུའི་བར་ཐག་གིས་ཆོད། གཞན་དང་གཞན་དག་བར་ཆད་ཀྱི་བར་ཐག་གིས་ཆོད་པས། ང་ཚོ་ཐུན་མོང་གིས་བར་ཐག་དེ་དག་ཇི་ལྟར་སྟུང་བར་བསམ་གཞིག་བྱེད།

འོད་ཟེར་གྱི་མི་ལོ་ཉེར་ལྔ་མིག་རྡེབ་ཙམ་གྱིས་བུད་སོང་བ་ནི་ཁོའི་ཆུང་དུས་ཀྱི་འཚོ་བར་དཀའ་སྡུག་མ་ཕྲད་པས་རེད། ཁོའི་རྫི་རོགས་སྒྲོལ་མ་ཟེར་བའི་བུ་མོ་དེའི་ནུབ་ཞག་རེ་རེའི་འཛད་མཐའ་མེད་པའི་གཏམ་རྒྱུད་སྐྱོ་ལ་རིང་བ་དེ་དག་བཤད་འོང་དུས། འོད་ཟེར་གྱི་མི་ལོ་ཉེར་ལྔར་ནི་མོའི་མཚན་ཐུན་གཅིག་གི་ཡུན་ཚད་ཀྱང་མེད་པ་འདྲ། སྟོན་མཇུག་རི་སྒང་གི་ཙག་ངར་རབ་ཏུ་ཆེ་བས་ཕྱུགས་ཟོག་ཚོས་རྔ་མ་བརླ་བར་དུ་བཙིར་ནས་ཀུམ་ཀུམ་གྱིས་རྩྭ་བཟའ་ཡིན་འདུག ཚེར་བོང་ལོགས་ཀྱི་འོད་ཟེར་གྱིས་ཐེད་ཁུང་ཆུང་ཆུང་དག་ལས་བྱ་སྤུ་གཟེངས་པའི་སྟོད་ལྭ་དེར་རུམ་ལག་བཅས་ཤིང་། མགོ་བོ་སྒྲོལ་མའི་པང་ཐོག་ཏུ་བཞག་ནས་ཅུང་ཡུར་བ་ན། ཕྱུགས་ཟོག་འགའ་ཞིག་ལུང་པའི་མཐོ་སར་འགོས་འདུག་པ་མཐོང་བས་སྒྲོལ་མར་གློ་བུར་དུ་སེམས་ཁྲལ་ཞིག་བྱུང་བས"ཀིས་་་་"  ཞེས་ཀི་རིང་ཞིག་འཐེན་པ་ན། འོད་ཟེར་གློ་བུར་དུ་སད་ནས"ཟོག་རི་སྒང་དུ་འགོས་སོང་ངམ"ཟེར།  ཁོ་རང་གཉིད་སོང་བས་ཡིན་ནམ། ལུས་ཡོངས་གྲང་ཤུར་ཤུར་བྱེད་ཅིང་།  སྒྲོལ་མའི་བརླ་ཐོག་ལ་བསྙེས་པའི་འགྲམ་གཡས་དང་རྣ་ཅོག་གཡས་པ་དྲོད་ལམ་ལམ་བྱེད་ཀྱིན་འདུག  སྒྲོལ་མ་དང་འོད་ཟེར་གཉིས་ལོ་མང་པོའི་རྫི་རོགས་ཡིན་ཞིང་།  གཉིས་ཀའི་སེམས་སུ་མ་འོངས་པར་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་བཟའ་ཟླར་རེ་བ་བཅས་འདུག  ཡིན་ན་ཡང་འོད་ཟེར་གྱིས་ནམ་རྒྱུན་མོའི་པང་ཐོག་ཏུ་མགོ་བསྙེས་ནས་གཉིད་པ་དང་། སེམས་འགུལ་ཐེབས་པའི་མོའི་གཏམ་རྒྱུད་ལ་ཉན་པ་ལས་རེ་བ་ལྷག་མ་ཞིག་འདོན་མྱོང་མེད་ལ། མོས་ཀྱང་འོད་ཟེར་གྱི་ཐོད་པའི་རྨ་ཤུལ་ལ་བལྟས་ནས་བརྩེ་འཛུམ་སྟོན་ཞིང་། རང་གི་མི་ཚེའི་དཀའ་སྡུག་ལྷུག་པར་རྗོད་ཀྱིན་འདུག  དེ་རིང་ཡང་མཐོ་སྒང་གི་གནམ་གཤིས་ཧ་ཅང་གྲང་ཞིང་། དབྱར་ཁ་ཧ་ཅང་སྒྲོས་དག་པའི་ཕྱུགས་ཟོག་དག་ཀྱང་དེ་རིང་ནི་གྲང་བའི་དབང་གིས་ངོ་གདོང་དང་སྒལ་ཚིགས་ཀྱི་རྩིད་པ་ལྡབ་འགྱུར་གྱིས་ཇེ་རིང་ལ་སོང་འདུག་པའི་ཉམས་མངོན་ཞིང་།  ཕར་བལྟས་ཚོད་ཀྱིས་ཚང་མའི་སེམས་སུ་སྡུག་བསྔལ་ལྕི་མོ་རེ་ལོས་ཡོད་སྙམ་པ་འདུག འོད་ཟེར་གྱི་འགྲམ་གཞོགས་སྒྲོལ་མའི་པང་ལ་བསྙེས་ཤིང་། མིག་གིས་ཕུར་ཚུགས་སུ་མོའི་ངོ་ལ་བལྟས་འདུག  འདི་ནི་ཁོ་གཉིས་ལ་མཚོན་ན་ཆེས་རྒྱུན་ལྡན་ཞིག་ཡིན་པས་སྒྲོལ་མར་དོགས་མི་བདེ་བ་གང་ཡང་མེད་པའི་ཁར་དེ་རིང་གི་གནམ་གཤིས་གྲང་ཚུལ་ལས་འཕྲོས་ནས་མོ་རང་གི་ནུབ་གཅིག་གི་གཏམ་རྒྱུད་བཤད་བྱུང་། སྒྲོལ་མའི་མིག་ཟུང་གི་དཀར་ནག་དབྱེ་མཚམས་ཧ་ཅང་གསལ་ཞིང་། མིག་ལྕིབས་ཀྱི་ཆ་ག་གྲ་དག་ལ་ཆེ་ཆུང་མཉམ་པ་དེ།  ལྷེམ་ཙམ་ལྷེམ་ཙམ་རེ་བྱེད་པ་དང་།  མཁུར་གོང་ནས་ཕྱོགས་ཕྱོགས་སུ་གྱེས་པའི་དམར་བཀྲ་དེ་དག་ནི་སྨྲ་མི་ཤེས་པའི་མཛེས་སྡུག་ཅིག་ཏུ་སྣང་།  སྒྲོལ་མས་བཤད་པའི་གཏམ་བརྒྱུད་ནི་འདི་འདྲ་ཞིག་སྟེ། "ང་རང་མོ་ལོ་བཅུ་གཉིས་ཡིན་སྐབས་ཀྱི་དགུན་ཁ་ཞིག་ལ། བདག་གིས་ཟོག་ཚང་མ་ནགས་ནང་དུ་ཤོར་ནས་ཉིན་གང་བོར་སོང་ཡང་། ནུབ་མོ་ནམ་མཁར་སྐར་མ་ཁྲ་གྱི་ལེར་མ་ཤར་བར་ཟོག་རྣམས་ཕྱིར་མ་ལོན།ནུབ་མོ་ཟོག་རྣམས་རྡང་ལ་བཏགས་སྐབས་ནམ་རྒྱུན་བོར་འགྲོ་བའི་འབྲི་མོ་མིག་ཞར་མ་ཞིག་ཡོད་པ་དེ་མི་འདུག་པས་ང་ཁྱིམ་དུ་འགྲོ་མ་ཕོད་པར།  ལུང་པ་ཧ་ཅང་རུབ་ལ། ནགས་ཚལ་སྟུག་པོས་ཉིན་སྲིབ་གཉིས་ཀ་ཡོངས་སུ་གང་བའི་ནག་ཡོལ་ཡོལ་གྱི་འཇིག་རྟེན་དེར་མི་ལོག་ཐབས་མེད་བྱུང་། དེ་མ་ཐག་ཏུ་བདག་གི་མདུན་ཕྱོགས་ནས་བུ་ཡུག་འཚུབ་པས་གདོང་ལ་ཚེར་ལྕག་བྲབ་པ་ལྟར་འཕྱོ་ཞིང་། ཉིན་སྲིབ་གཉིས་ཀྱི་ནགས་ཚལ་སྟུག་པོར་གངས་རླུང་གཡུག་པས་སྐྱི་གཡའ་བའི་བཤུག་རིང་ལྟ་བུའི་སྒྲ་སྣ་ཚོགས་འབྱིན།དེ་མ་ཐག་ཉེ་མ་རྒྱང་ནས་སྤྱང་ལྟོགས་ཤིག་གིས་ངུ་ཟུག་རིང་ལ་གཟན་པ་ཞིག་བྱས་པ་ན།  ཕན་ཚུན་ལ་དམགས་བརྡ་བཏང་བ་ལྟར་སྟོད་སྨད་ཀུན་ནས་སྤྱང་སྐད་མང་པོ་གཅིག་ལ་གཅིག་འདྲེས་སུ་སོང་།  བདག་གི་སྙིང་ཆུང་ལྟིག་ལྟིག་ལྡང་ཞིང་། ཀླད་འགབ་ཀུན་ནས་ཅི་ཞིག་མཆོངས་བཞག་པ་ལྟ་བུའི་སྒྲ་དང་ཉམས་མངོན།  མིག་ནས་མིག་ཆུ་ཤམ་ཤམ་དུ་འབབ་ན་ཡང་ངུ་སྐད་ཏིལ་འབྲུ་ཙམ་ཡང་འབྱིན་མ་ཕོད།  ལུང་པ་དོག་པའི་ཁར་མུན་པ་ཧ་ཅང་ནག་ལ།བུ་ཡུག་གིས་བསྒུལ་བའི་ནགས་ཚལ་ནས་སྒྲ་སྣ་ཚོགས་གྲག་ཅིང་།སྤྱང་ལྟོགས་ཀྱི་ངུ་འབོད་སྟོད་སྨད་ཀུན་ནས་མཆེད་པས་སྐབས་འདིར་ཐམས་ཅད་ཀྱིས་བདག་ལ་འཇིགས་ཉམས་སྟོན་གྱིན་ཡོད་པ་འདྲ།"

      སྐབས་འདིར་ཐོན་ན་འོད་ཟེར་གྱིས་སྒྲོལ་མའི་གནས་ཚུལ་ཁ་ཚང་ཤེས་པས་གཏམ་བརྒྱུད་ཀྱི་མཇུག་བརྐྱངས་ན་ཆོག་མོད། ཀློག་པོ་དག་ལ་སྒྲོལ་མའི་གནས་ཚུལ་རགས་རིམ་ངོ་སྤྲོད་པ་ནི་ཁ་ཚ་དགོས་གཏུགས་སུ་སྣང་།  སྒྲོལ་མའི་ཨ་ཕ་ནི་དབུས་གཙང་ཕྱོགས་ཀྱི་མྱི་ཞིག་ཡིན་ལ། ཁོ་རང་སྒྲོལ་མས་མཐོང་མྱོང་བ་ལྟ་ཅི། ཐ་ན་མིང་ཡང་མི་ཤེས།  སྒྲོལ་མའི་ཨ་མ་ཇོ་བོ་རིན་པོ་ཆེ་མཇལ་དུ་སོང་བའི་ལམ་ནས་སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་།  ཕ་ཡུལ་དུ་ཐོན་ནས་ཉིན་འགའ་ཞིག་གི་རྗེས་ནས་གཟོད་རང་ལ་མངལ་ཆགས་འདུག་པ་ཤེས་པས་སྐྱེས་པ་དེས་རང་ལ་སྒྲོལ་མ་ཟེར་བའི་བུ་མོ་ཞིག་ཡོད་པ་གཏན་ནས་ཤེས་མེད།  སྒྲོལ་མའི་ཨ་ཕ་ནི་དེ་ལྟར་ཆ་མེད་རྒྱུས་མེད་ཅིག་རེད།  སྒྲོལ་མའི་ཨ་མས་ཀྱང་མིང་ཙམ་ཡང་མི་ཤེས་པའི་སྐྱེས་པ་ཞིག་གིས་རང་ལ་མངལ་ཆགས་འདུག་པས།  སྒྲོལ་མའི་ཕ་སུ་ཡིན་ཞེས་སུས་དྲིས་ཀྱང་མགོ་བོ་སྨད་ནས་སྡོད་པ་ལས་ལན་ཡང་དག་ཅིག་འདེབས་མ་མྱོང་།  དེ་བས་སྡེ་མི་ཚོས་ཀྱང་སྒྲོལ་མར"དབུས་འབབ"(དབུས་ལ་སོང་བའི་མིས་ཁྱིམ་མི་སོགས་ལ་ཉོས་འོང་བའི་བཅའ་ཁ)ཅེས་མིང་ལྷག་མ་ཞིག་གིས་འབོད་ཀྱིན་འདུག  སྤྱིར་སྒྲོལ་མའི་ཨ་མ་ཡང་སྒྲོལ་མ་བཞིན་དུ་སྐྱེས་འབྲས་ལེགས་ན་ཡང་སྒྲོལ་མ་སྐྱེས་པ་ནས་ནུབ་གཅིག་གི་ཉལ་རོགས་ཟེར་མཁན་ཞིག་ལས། ཚེ་གཅིག་གི་ཚེ་རོགས་ཟེར་མཁན་ཞིག་མི་འདུག་པས་སྒྲོལ་མའི་ཨ་མ་སྟེ། བཟང་མོར་མིང་པོ་འཇིགས་མེད་ཀྱིས་མནའ་མ་ལེན་ལ་ཉེ་སྐབས་ཉེ་དུ་ཚང་མ་ཁ་ཐུག་ནས་ཁེར་ཧྲེང་དུ་འཁོར་བ་འཛིན་དུ་བཅུག་པ་རེད། སྒྲོལ་མ་ལོ་གསུམ་ལ་ཉེ་སྐབས་བཟང་མོར་སླར་ཡང་ཕ་རྒན་ངོས་བཟུང་མེད་པའི་བྱིས་པ་ཞིག་ཆགས་འདུག  བྱིས་པ་དེ་མངལ་དུ་ཆགས་ནས་ཟླ་བ་བརྒྱད་འཁོར་ཞིང་། བཟང་མོའི་ཆུང་དུས་ཀྱི་གནག་ཅིང་སྣུམ་པའི་སྐྲ་ལོ་དེ་ད་ནི་གས་གཉིས་སུ་བྱས་ནས་འཕྱངས་ཤིང་། སེར་མདངས་ཤིག་ཀྱང་ལྷུང་འདུག་པར་མ་ཟད།  སྐྲ་ལོ་འགའ་རེ་ཆད་ནས་ཐུང་ངུར་གྱུར་ཏེ་བལ་རིལ་ཁུལ་རིལ་རེ་ཡང་མོའི་མགོ་ལ་བཟུང་འདུག  སྣ་མགོ་རུ་ནག་ཤུར་ཞིག་མངོན་ཞིང་། ངོ་གདོང་ཡོངས་སྐྱ་ཐང་ཐང་དུ་སྣང་།  བཟང་མོའི་ཆུང་དུས་ཀྱི་མཆུ་སྒྲོས་དམར་ལ་ཤ་ཡི་སུར་མང་པོས་བལྟས་པ་ཙམ་གྱིས་ཆགས་པའི་ཟུག་རྔུ་སློང་བ་དེ།  ད་ནི་ཙག་གིས་བཅད་ནས་རྨ་ཤུར་གསར་རྙིང་མང་པོ་མངོན་ཞིང་།འགའ་ཞིག་ལ་ཁྲག་དཀག་ཅིང་འཛུམ་པ་དང་།  འགའ་ཞིག་ལས་རྨ་ཤུན་རྙིང་བ་རེ་གྱོང་ནས་ལངས་འདུག་པས། སྡེ་མི་ཚོས།"བཟང་མོ་ཚང་ལ་དེ་སྔོན་ནས་གསུར་གསུར་(མར་རྩ་བ་ནས་མེད་པའི་དོན)མི་འདུག་ཟེར"ཞེས་དང་།  "བཟང་མོ་ཚང་གི་འབྲུ་རིགས་ཚར་འདུག་ཟེར"སོགས་བདེན་ལ་མི་བདེན་པའི་སྐད་ཆ་མང་པོ་ཞིག་ཁྱབ་པས་བཟང་མོའི་སེམས་ལྷག་ཏུ་སྡུག་གི་འདུག  བཟང་མོ་མ་བུ་གཉིས་ཀས་འབྲི་རྒན་དག་བཏགས་ཟིན་ནས་ཁྱིམ་ལ་ལོག་ཅིང་། ཨོང་མེ་ལམ་ལམ་འབར་བའི་ཐབ་རྩ་རུ་པགས་སྟན་རྙིང་བ་རྐང་ལག་བཞི་པོའི་ཡ་ཡོ་མ་གཏོགས་སྒམ་ཐག་གེ་ཡོད་པ་དེ་བཏིངས་ནས། མར་དང་ཆུར་བས་ཁ་རྒྱན་མེད་པའི་ཁག་གཏུས་འགམ་བཞིན་ཁུ་སིམ་མེར་བསྡད། གོ་ར་མ་རུ་དམར་བོང་བོང་གི་མེ་ཁྱུ་ཕབས་པས་མ་བུ་གཉིས་ཀྱི་ངོ་གདོང་ལ་དམར་མདངས་ཤིག་བགོས་འདུག བཟང་མོས་འདབས་ཁ་རྩི་ཤིང་གིས་སེད་ཡོད་པའི་གོས་འདབས་པུས་མོར་བརྫེས་ནས་པུས་མོ་གཉིས་མེ་ལ་བསྲོས།བཟང་མོའི་གོན་པའི་ངོས་ཀྱི་དགྱ་ཚར་གྱི་སྤུ་ཟད་ནས་པུས་མོའི་ཐད་མན་ཆད་གྱི་དགྱ་ཚར་དེ་ཡང་བཙག་རས་དཀར་པོ་ཞིག་ལྟར་གྱུར་འདུག་པས་ཁོང་མ་བུ་གཉིས་ཀྱི་འབྱོར་བ་གསལ་བོ་མཚོན་ཡོད་པ་འདྲ།  

    བཟང་མོས་རང་ལ་ཁེན་ནས་གོ་ཅན་སེར་བོ་ཞིག་ལས་མར་གྱི་སྣུམ་ཁ་བྲལ་བའི་ཁག་གཏུས་ཇ་ཡིས་འགྱོག་ནས་ལྡག་གིན་པའི་སྒྲོལ་མའི་སྐྲ་གསེང་ལ་བྱམས་བརྩེས་གོས་པའི་འོ་ཡང་མོ་ཞིག་བྱས་ནས་ཁོ་མོའི་སྣ་མགོར་འགོས་པའི་རྩམ་པ་ལག་རྒྱབ་ཀྱིས་ཕྱིས།སྒྲོལ་མས་ཨ་མའི་ངོར་ཡར་གཅིག་བལྟས་པ་དེས་ཨ་མས་ཁོ་མོ་ལྷག་ཏུ་སྙིང་རྗེ་ནས། "ཨ་མའི་གཅེས་ལོ་ཡིན" ཟེར་ཞོར་སྒྲོལ་མའི་འགྲམ་རྩ་རུ་ཡང་བསྐྱར་འོ་ཞིག་བྱས།  སྒྲོལ་མས་འདོམས་མེད་པའི་བྱིས་དོར་ཞིག་གྱོན་ཡོད་ཅིང་། བྱིས་དོར་དེའི་འདོམས་སྒོ་ཧ་ཅང་ཡངས་པས་སྒྲོལ་མའི་མཚན་མ་ཆུང་ཆུང་དེ་ཕྱི་རུ་མངོན་ཞིང་། འདུག་སྟངས་ཀྱི་དབང་གིས་མཚན་པའི་ལོགས་ཀྱི་ཤ་འབུར་གཉིས་ལ་ཡོ་རིང་ཞིག་ཀྱང་ཤོར་འདུག སྒྲོལ་མར་སྣང་དོགས་གང་ཡང་མེད་པར་རྩམ་པ་ལྡག་བཞིན་ཨ་མའི་ངོ་ལ་བལྟས་ནས"ཨ་མ་་་ད་ནངས་བྱམས་མཚོས་བྱེའུ་སེར་པོ་ཞིག་ཁྱེར་འདུག  ང་ལའང་དེ་འདྲ་ཡོད་ན་འདོད་ཀི" བྱམས་མཚོ་ནི་དབྱར་ཁའི་བཟང་མོ་ཚང་གི་རུ་རོགས་ཀྱི་བུ་མོ་ལོ་བཞི་ཅན་དེར་ད་ནངས་མ་ཎི་འཚོགས་སར་སྒྲོལ་མ་འཕྲད་པ་རེད་ལ། བྱེའུ་སེར་པོ་ནི་མཇུག་སྒྲོའི་འོག་ནས་ཐ་གུ་ཞིག་ཁོག་པར་དྲངས་ཤིང་། སྣེ་མོར་མུ་ཏིག་ལྟ་བུའི་དབྱིབས་ནར་ལ་མགོ་རྔའི་སྦོམ་ཕྲ་མི་མཚུངས་པའི་དངོས་པོ་ཞིག་བརྒྱུས་འདུག  དེ་ལས་འཐེན་ནས་ཕྱིར་མངགས་ན་བྱེའུ་སེར་དེས་ལྡེམ་འགྲོས་བྱེད་པར་མ་ཟད།  སྒྲ་སྐད་ཀྱང་འབྱིན་ནུས། སྒྲོལ་མར་མཚོན་ན་མར་ཆུར་ཟད་པ་ལས་དེ་འདྲ་མེད་པ་ཕངས་ཤིང་། བཟང་མོར་མཚོན་ན་མར་ཆུར་ཟད་པ་ལས་མི་ཁ་འཁོར་བའི་སྡུག་བསྔལ་ཆེ།  བཟང་མོས་སླར་ཡང་སྒྲོལ་མའི་ཐོད་པར་འོ་ཞིག་བྱས་ཏེ"ཨ་མས་ཁྱོད་ལ་འབུ་བརྐོས་རྗེས་ཉོ" ཞེས་བཤད་རྗེས་སྒྲོལ་མས་འབུ་བརྐོས་རྗེས་ཟེར་བའི་དུས་ཚིགས་ཤིག་ལ་རེ་སྒུག་ཆེན་པོ་བྱས། དབྱར་ཁ་ཆུར་བ་བཏིང་ས་དང་དགུན་ཁ་དོ་ཕྱར་བྱས་པའི་རས་དཀར་པོ་སྣེ་བཞིར་ལྕགས་ལོང་སྤྲད་ཡོད་པ་དེས་བཀབ་པའི་བཟང་མོ་ཚང་གི་ཡ་དོ་ནི་ཉལ་ཡོད་པའི་ཡར་ངན་ཞིག་གི་ཆེ་ཚད་ལས་མེད་ཅིང་།  དགུན་ཁ་མཐོ་སྒང་དུ་ཙག་ངར་ཧ་ཅང་རྒོད་པས་སྡེ་བ་འདིའི་ཁྱིམ་ཚང་མང་ཆེ་བ་ཁང་པར་སྡོད་པ་དང་། འགའ་རེ་རས་དང་ཆུ་ཤོག་གིས་གྲུབ་པའི་ཕུང་ཕུང་ཟེར་བའི་གཞིས་ཀ་རེར་བསྡད་འདུག  ངོ་བོ་གྲུབ་ཚད་མི་འདྲ་བ་མ་གཏོགས་ཁྱིམ་གྱི་དྲོད་ཁོལ་ཁང་པ་དང་གཅིག་འདྲ་རེད།  འོན་ཏེ་བཟང་མོ་མ་བུ་གཉིས་ཁོ་ན་སྦྲ་ཕུབ་ནས་ཡོད།  དགུན་རླུང་གིས་སྦྲ་ཆུང་དེ་ཡོམ་ཡོམ་འགུལ་བ་དང་།  ཧྲག་འོག་ནས་ཙག་རླུང་གྲང་ཤུར་ཤུར་བྱེད་པས་བཟང་མོ་ཚང་གི་སྣོད་བཅུད་གཉིས་ཀ་རེ་སྒུག་དང་སྐྱོ་ཡུས། འཆར་ཡན་བཅས་ཀྱི་ཀློང་ན་སྐྱོ་ཉམས་ཀྱིས་གནས་འདུག  ཉིན་རེ་བཞིན་བཟང་མོའི་ཕོ་བ་ཇེ་འབུར་དུ་སོང་ཞིང་། སྐེ་རགས་ཀྱང་སྦོ་ལུག་ཏུ་སོང་ནས་སྔུན་ལ་སུལ་མོ་མང་པོ་བབས་འདུག  

     འབྲོག་པས་མར་ལྟ་སྒོ་རྒྱག་གི་ཟླ་བ་ཟེར་བའི་ཟླ་བསེར་དེ་རུ་བཟང་མོའི་ཁོག་གི་བྱིས་པ་བཙས་བྱུང་། དུས་ཚོད་གཉིས་ཙམ་ལ་བཟང་མོའི་ཤ་རུས་འཐོར་སོང་བ་ལྟ་བུའི་ན་ཟུག་བྱུང་མོད། དེ་ནས་བྱིས་པ་དེ་བཙས་བྱུང་། འོན་ཏེ་བཟང་མོར་ལྟེ་ཐག་གཅོད་རོགས་ཙམ་ཡང་མེད་པར་བཙས་པའི་བྱ་བ་ཚང་མ་རང་གཅིག་པུས་བསྒྲུབས།  བྱིས་པ་ཞི་ལི་ཞིག་ཡིན་པས་བཟང་མོའི་སེམས་སུ་དྲོད་ཁོལ་ཅུང་ཙམ་རྒྱས་ཤིང་།  བྱིས་པ་རང་གི་བྲང་ལ་སྦྱར་ནས་ནུ་མ་བསྣུན་ཀྱང་བཟང་མོར་ཟ་མ་ཞན་པའི་དབང་གིས་འོ་མ་གཏན་ནས་མི་འདུག བྱིས་པས་ཨག་སྐད་འབྱིན་པ་ལས་བྱིས་པ་འདི་ལྟོག་གིན་པ་གསལ་བོར་ཤེས་ནའང་ཅི་བྱ་གཏོལ་མེད་རེད།   མོའི་ནུ་མར་ནི་འོ་ཆུ་ཙམ་ཡང་མི་འདུག་ཅིང་། རྩམ་པ་ནག་པོ{མར་མེད་པའི་དོན}ནི་མིད་པར་མི་འགྲོ།  བཟང་མོས་ཐོད་པ་དང་པུས་མོ་མལ་ས་རུ་བཙུགས་ནས་ཅུང་ཙམ་བསྡད་པ་ན་མིག་ཆུ་ཞིག་དབང་མེད་དུ་ཤོར།  བྱིས་པས་ད་དུང་ཨག་སྐད་འབྱིན།  སྐྱ་རེངས་གསལ་ལ་ཉེ་སྐབས་མོས་ཟོག་མཁོང་གི་འབྲི་མོ་དེ་དྲན་ནས་དེ་ལ་འོ་མ་མཆིལ་ཞགས་ཙམ་ཡིན་ན་ཡང་ཨེ་ཡོད་ལྟ་བའི་འདུན་མས་ན་ཟུག་ཡོད་ཚད་བཟོད་སྲན་བྱས་ཏེེ།  ཡར་ལངས་ཏེ་སྐྱོགས་སེར་ཆེ་ཆུང་རན་ལ་ཡུ་བའི་སྣེ་མོ་སྐྱོགས་རྡང་དུ་དཔྱངས་བདེ་བའི་ཆེད་དུ་གུག་གུག་བྱས་ཡོད་པ་དེ་བཟུང་ནས་ཟོག་མཁོང་ལ་ཆས།  འོན་ཏེ་མོ་རང་མཁོང་ལ་ཐོན་རག་བར་མགོ་བསྒུར་ནས་ངལ་གསོ་གཉིས་གསུམ་ཞིག་བྱེད་དགོས་བྱུང་ཞིང་།  ལྷག་ཏུ་ལུས་ཀྱི་ནུས་པ་ཤོར་ནས་ལག་པར་ཤེད་ལར་ནས་མེད་རྐྱེན་སྐེ་རགས་དཀྲི་ཙམ་ལས་བྱེད་མ་ཐུབ་པས་སྔུན་ཐུའི་སྟེང་དུ་བརྫིས་ནས་ལོག་ཅིང་།  སྐར་མ་བཅོ་ལྔ་ཡས་མས་ཙམ་ལ་ལང་མ་ཐུབ།  དེ་ནས་ཟོག་མཁོང་ལ་སླེབས་ཤིང་།  ཟོག་ཐོ་བཅའ་བཅུ་ཞིག་ཡོད་པ་རྣམས་སྡུག་གསོག་པའི་ཉམས་ཀྱིས་ཚང་མ་ཉལ་ཡོད་ཅིང་།   འབྲི་མོ་རེ་གཉིས་ཀྱིས་ཧ་ཅང་ཐེད་ཡོད་པའི་གོན་པ་རྙིང་ཧྲུལ་རེ་སྒལ་བར་གྱོན་ནས་ཉལ་འདུག  བཟང་མོས་ཡ་རུ་ཁེར་མ་གཅིག་ཡོད་པ་དེ་མ་འོག་ཏུ་མངགས།  སྤྱིར་བཏང་འབྲོག་པས་འབྲི་བཞོ་སྐབས་དང་པོ་བེའུ་ཡར་གང་ཡིན་ཡང་མ་འོག་ཏུ་མངགས།  སྤུད་རྗེས་བེའུ་ཡར་བཏགས་ནས་གཟོད་བཞོ་བར་བྱེད་མོད། མོ་རང་གི་ལུས་ཀྱི་ཤེད་ཤུགས་ཡོངས་སུ་ཉམས་འདུག་པས་དེ་ལྟར་བྱེད་མ་ནུས་པར་ཡ་རུའི་ནུ་ཞོར་ལ་མོ་རང་གི་ལག་གཡས་འབྲི་མོའི་འོག་ཏུ་བརྐྱངས་ཤིང་།  ལག་གཡོན་པས་སྐྱོགས་འགོ་འབྲི་མོའི་འོག་ཏུ་ཟེད་པར་བྱས།   འོན་ཏེ་འབྲི་མོའི་ལག་ནུ་གཉིས་ཀ་སྔར་ནས་སྐམ་སྟེ་ནུ་ཏོག་ཙམ་ལས་གང་ཡང་ལུས་མི་འདུག་ལ།   རྐང་ནུ་གཉིས་ཀ་ལས་འོ་མ་མཆིལ་ཞགས་ཙམ་ཞིག་ལོན་སོང་།  བཟང་མོས་འོ་མ་དེ་བཟུང་ནས་ཕྱིར་ཁྱིམ་དུ་ལོག  འོ་མ་སྐྱོགས་འགོའི་ནང་དུ་འགོས་ཙམ་ལས་མི་འདུག་པས་འོ་མ་འདིས་བྱིས་པའི་ཚེ་སྲོག་སྐྱོབ་པའི་རེ་བ་ཧ་ཅང་ཉག་ཕྲ་རྐྱེན་བཟང་མོའི་སེམས་པ་སྔར་ལས་ཀྱང་སྐྱོ་བཞིན་འོང་།  ལམ་བར་ནས་བཟང་མོས་བྱིས་པ་ཤི་ཟིན་མིན་ལ་དོགས་པ་ཟོས་ན་ཡང་མོ་རང་སྦྲ་ནག་གི་སྦར་ལག་སྣེ་ནས་འོང་སྐབས་ད་དུང་ཡང་བྱིས་པའི་ཨག་སྐད་འབྱིན་པ་ཐོས་པས་སེམས་ལ་སྤྲོ་སྣང་ཕྲན་བུ་ཞིག་སྐྱེས།  དེ་ནས་མོ་རང་གིས་ཆུ་ཚན་ཉུང་ཉུང་ཞིག་གིས་འོ་ངོ་དེ་ལ་བསླད་བརྒྱབས་ནས་བྱིས་པར་བླུད། 

     ཉིན་གུང་ཙམ་ལ་བྱིས་པའི་དབུགས་ཀྱི་འགྱུ་བ་ཡོངས་སུ་ཆད་ཅིང་།  དྲོད་ཁོལ་ཡང་རིམ་གྱིས་ཉམས་སོང་།   སྤྱིར་སྡེ་བ་འདིའི་མི་ཆེ་ཆུང་སུ་ཤི་ཡང་སྐྱེས་པ་དག་གིས་རོ་ལས་བྱེད་པ་ལས་བུད་མེད་ཚོའི་ལག་ཏུ་རོ་འཇོག་སྲོལ་མེད་ཅིང་།  ཁྱིམ་གཅིག་གི་སྐྱེས་པ་མེད་ཀྱང་ཉེ་རིང་དག་གིས་རོགས་བྱས་ནས་རོ་ལས་བྱེད་དགོས།  གལ་ཏེ་བུད་མེད་ཀྱི་ལག་པས་ཤི་བོའི་རོ་ལ་རེག་པར་བྱས་ན་ཤི་བོའི་རྣམ་ཤེས་ཀྱིས་བདེ་འགྲོ་འཐོབ་པར་གནོད་པར་འདོད་པ་རེད།  བག་ཆགས་དེས་བཟང་མོས་རང་གི་ལག་པར་རྣམ་རྟོག་ཟ་བཞིན་ལས་ཀྱིས་འཁོར་བའི་བུ་ཕྲུག་ལས་ངན་འདི་པང་ལ་བཟུང་ནས་ཡུན་རིང་ངུས།  སྤྱིར་ན་བོད་པ་ཟེར་དུས་བྱམས་དང་སྙིང་རྗེ་ཡི་བདག་པོ་ཡིན་པར་བཤད་ཀྱང་ལུང་སྟོང་འདི་ཡི་བཟང་མོ་མ་བུའི་སྐྱིད་སྡུག་ནི་སུས་ཀྱང་གཞོགས་སུ་ལུས་འདུག་པ་འདྲ།  བཟང་མོས་རོ་ལས་བྱེད་མཁན་ཞིག་འབོད་སྙམ་པ་ནི་གཏན་ཁེལ་རེད་མོད། བཟང་མོ་ཚང་གི་མར་ནང་གི་ལུང་མདོ་ན་མོའི་ཕ་ཁྱིམ་ཡོད་ཅིང་།  མདུན་རིའི་རྒྱབ་ན་རུ་འགའ་ཞིག་ཡོད་པ་དེ་དག་ནི་ཐག་རིང་བས་བཟང་མོའི་ན་ཟུག་གིས་འགྲོ་མི་ཐུབ། སྒྲོལ་མ་ནི་ཆུང་སྟེ་འགྲོ་གོ་མི་ཆོད།  མཐར་བཟང་མོས་བྱིས་པའི་རོ་ཆུ་ནང་དུ་མི་སྐྱུར་ཐབས་མེད་བྱུང་ནས་མདུན་དུ་རྒྱུ་བའི་གཙང་བོའི་ནང་དུ་གཡུགས་བྱུང་།  བོད་ཀྱི་མི་ཤི་སྐབས་ཆོས་ལུགས་ཀྱི་ཆོ་ག་མང་པོ་བྱེད་སྲོལ་ཡོད་ཅིང་།  དེས་ཁྱིམ་མི་ཚོར་སེམས་གསོ་ཚད་མེད་ཐེབས་ཀྱི་ཡོད་པ་རེད།  དེ་འདྲའི་གོམས་ཤུགས་ལས་མི་ཞིག་ཤི་སྐབས་ཆོས་ལུགས་ཆོ་གས་སྐྱེལ་མ་བྱེད་མ་ཐུབ་ཚེ་ཁྱིམ་མི་དག་ལ་དེ་བས་ཀྱང་སྐྱོ་གདུང་འབྱུང་བ་རེད། བཟང་མོར་མཚོན་ན་རང་གི་བྱིས་པ་འདི་འཇིག་རྟེན་མི་ཡུལ་དུ་འོང་ནས་འོ་མ་མཆིལ་ཞགས་ཙམ་ཡང་མ་རག་ཅིང་།  ཚེ་ཕྱི་མའི་ལམ་རྒྱགས་སུ་གསུར་འཐེབ་གང་ཙམ་ཡང་མེད་པས་སྙིང་རྗེ་དང་སྐྱོ་ཡུས་ཤ་གསེང་ནས་རྡོལ་འོང་། 

    བཟང་མོར་བྱིས་པ་སྐྱེས་ནས་ཉིན་གསུམ་འགོར་བའི་དགོང་མོ་བཟང་མོའི་རྒྱུ་འོག་ཏུ་གཟེར་རྒོད་དྲག་པོ་བརྒྱུགས་ཤིང་། ཁ་མ་ནས་ལངས་ཀྱང་མི་ཐུབ་པར་གྱུར།   གོག་མ་ནུད་ཀྱིས་མལ་ས་རུ་ལོག་པ་ན།   སྒྲོལ་མས་སྔུར་བ་ཡང་མོ་འཐེན་ནས་གཉིད་ཀྱི་ཞིང་ཁམས་སུ་བསྣར་འདུག   བཟང་མོའི་རྒྱུ་འོག་ནས་ན་ཟུག་བར་མཚམས་མེད་པར་རྒྱུ་ན་ཡང་།  སྒྲོལ་མ་གྲུ་ཁུག་ཏུ་བླངས་ནས་བྲང་ལ་སྦྱོར་གྱིན་རང་ཉིད་གསོན་ཐབས་མ་བྱུང་ན་སྒྲོལ་མ་ཇི་ལྟར་གསོན་དགོས་ཨང་སྙམ་བཞིན་ཤི་མི་ཐུབ་པའི་སེམས་ཁྲལ་ཆེན་པོ་བྱས།  རང་ཉིད་སང་ཉིན་གསོན་ཐབས་བྱུང་མེད་ཚེ་སྒྲོལ་མ་ལྟོགས་གྲིར་ཤི་ངེས་པའི་སེམས་སྡུག་གི་ངང་ནས་རིམ་གྱིས་དབུགས་ཀྱི་འགྱུ་བ་ཆད་པར་བརྩམས། མོས་སྒྲོལ་མར་ནངས་མོ་སྔ་ཆར་ལུང་པ་དེད་ནས་མར་མདོ་ལ་འགྲོ་དགོས་པར་བཤད་འདོད་ཀྱང་ངག་སྨྲ་མི་ནུས་པར་གྱུར་སོང་།  ཅུང་ཙམ་ནས་བཟང་མོའི་ན་ཟུག་ཡོངས་སུ་འཇགས་ནས་སེམས་ཀྱིས།  སྒྲོལ་མ་རང་གི་གྲུ་ཁུག་ན་ཡོད་པ་གསལ་བོར་མཐོང་མོད། ལུས་དང་ངག་གི་ནུས་པ་ཉམས་ནས་ཐོགས་རེག་མེད་པར་གྱུར་སོང་།  བཟང་མོའི་ཞེན་ཆགས་ཀྱི་རྣམ་ཤེས་གང་དུ་མི་འགྲོ་བར་སྦྲ་ནག་འདབས་ཟད་དེའི་ཉེ་འཁོར་དུ་རྒྱུག་ཅིང་།  སྒྲོལ་མའི་ཆེད་དུ་མཚམས་རེར་དྲག་ཏུ་ངུ་ཞིང་།ཐེངས་རེར་སྦྲ་ནག་དེའི་ཕྱི་ནང་ལ་སྐོར་རྒྱུག་བྱེད་པའི་མུར།  མི་ཡུལ་ཟེར་བའི་མྱ་ངམ་གྱི་ཐང་ཆེན་པོ་འདིར་སྐྱ་རེངས་དཀར་གསལ་ལེར་གྱུར་སོང་།  རིམ་གྱིས་ཨ་སྔོན་ཉི་མས་བཟང་མོ་ཚང་གི་སྦྲ་ནག་གི་གསེབ་ནས་གསེར་ཀྱི་སྐུད་པ་མང་པོ་ཅིག་ཅར་དུ་བརྐྱངས་བ་དང་། ཁ་ཚུབ་ལས་མཆེད་པའི་ཉི་འོད་ཐད་ཀར་སྒྲོལ་མའི་གདོང་ལ་ཕོག་པས་སྒྲོལ་མ་གཉིད་ཀྱི་འཇིག་རྟེན་ལས་སད་བྱུང་།  མོས་ནམ་རྒྱུན་ལྟར་ཨ་མའི་གཅེས་སྐྱོང་ཐོབ་ཕྱིར་ངུ་སྐད་བཏོན།  ཨ་མས་བུ་མོའི་ངུ་སྐད་གསལ་བོར་ཐོས་ནའང་ནམ་རྒྱུན་ལྟར་གཅེས་འཇམ་གྱིས་རང་གི་བུ་མོར་གོས་ལྷམ་སྐོན་ཐབས་བྲལ།  བུ་མོ་ཡུན་རིང་ངུས་ན་ཡང་ཨ་མའི་གྲག་འགུལ་གང་ཡང་མ་ཐོབ་རྐྱེན།  མགོ་བཀྱགས་ནས་ཁྱིམ་གཞུང་ལ་བལྟས།  ནམ་རྒྱུན་ལྟར་སྒྱེད་པུའི་སྟེང་ནས་དུ་བ་ལྷོག་ལྷོག་གིས་བར་སྣང་དུ་འགྲོ་བཞིན་མི་འདུག་ལ། ཨ་མས་ཁྱིམ་ལས་ཙག་ཙིག་ལས་ནས་འགྲོ་བཞིན་མི་འདུག  དེ་ནས་ལྟ་སྟངས་ཤིག་གིས་ཨ་མ་ད་དུང་གཉིད་འདུག་པ་མཐོང་བྱུང་། མོས་སླར་ཡང་ཨ་མས་རང་ཉིད་ལ་གཅེས་གཅེས་བྱེད་ཀྱིན་ཨ་ལན་སློག་པར་རེ་ནས་ངུ་སྐད་ཆེ་རུ་བཏང་ཞིང་། ནམ་ཞིག་ཨ་མའི་ཐོད་པ་དང་འགྲམ་པ་ནས་ཕར་སྒྲིལ་ཚུར་སྒྲིལ་བྱས་ནའང་ཨ་མ་སད་རྒྱུ་མི་འདུག  བཟང་མོའི་རྣམ་ཤེས་ཀྱིས་སྒྲོལ་མའི་མིང་ནས་འབོད་ཅིང་སྒྲོལ་མར་འཐམ་ནས་ངུ་ངག་འབྱིན་ནའང་།  སྒྲོལ་མས་ཅུང་ཟད་ཙམ་ཡང་གོ་ཐབས་བྲལ།  སྦྲ་ནག་ཆུང་ཆུང་འཁྱོག་ཤུན་ཙམ་འདི་ཡི་ནང་དུ་བཟང་མོ་མ་བུ་གཉིས་ཀྱི་བར་དུ་ཅི་འདྲས་བར་ཐག་རིང་བོ་ཞིག་གིས་ཆོད་འདུག་ཨང་།  བཟང་མོའི་བེམ་པོས་སྒྲོལ་མ་མི་མཐོང་།  སྒྲོལ་མའི་སེམས་ཀྱིས་བཟང་མོ་མི་མཐོང་བས་ཐག་ཉེ་ཐག་ཉེ་ཞིག་ནས་ཐག་རིང་ཐག་རིང་དུ་གྱུར་བའི་བར་ཐག་ནི་ཅི་འདྲའི་འཇིགས་ཨང་།  སྒྲོལ་མས་ཡུན་རིང་དུ་ཨ་མ་དཀྲོག་མ་ཐུབ་པས་ནམ་ཞིག་ངུ་སྐད་ཀྱང་ཆད་ནས།  སྐེ་ཡི་སྲུང་འཁོར་དང་སྐུ་པར་ལ་རེག་བཞིན་སྐད་ཆ་ནག་ནོག་ཅིག་ཁེར་རྐྱང་ངང་སྨྲ་བཞིན་བསྡད་འདུག  ཚོད་ཚོད་ལ་ཨ་མ་ཟེར་ནས་གཉིས་གསུམ་རེ་འབོད་ཅིང་།  ཨ་མའི་མགོ་བོ་ཕར་འཐེན་ཚུར་འཐེན་ཙམ་རེ་བྱེད།  ཨ་སེར་ཉི་མས་མི་ཡུལ་གྱི་སྐྱིད་སྡུག་བཟང་ངན་ཀུན་ལ་ཡུན་རིང་དུ་བལྟས་མཐར་ད་ནི་ནུབ་རིའི་ཕྲག་གོང་ན་དམར་ཙག་ཙག་གིས་མི་ཡུལ་གྱི་ཆེས་སྐྱོ་བའི་བཟང་མོ་ཚང་གི་སྦྲ་གཞི་འཁོར་གསུམ་གྱི་སྐྱོ་སྡུག་བློས་མི་ཆོད་པ་ལྟར་བལྟས་འདུག་ལ།  ཉི་འོད་ཀྱི་ཟེགས་མ་མི་ཡུལ་ལུང་སྟོང་ཞིག་ན་ཨ་མའི་རྣམ་ཤེས་ཀྱི་ཞེན་ཆགས་འཁོར་བའི་ཁེར་རྐྱང་གི་བུ་མོ་ལོ་གསུམ་ཅན་དེའི་སེར་ལ་འཕྱང་བའི་སྐྲ་གསེང་དུ་ཕོག་འདུག  དེ་ནས་སྒྲོལ་མ་སྒྱེད་པུའི་རྩར་འོང་ནས་ལྕགས་ཀྱི་སྡེར་མ་ཆུང་ངུ་དེས་ཐལ་བ་བཅུ་བཞིན། "འདི་ཨ་མའི་ཡིན"  "འདི་ངའི་ཡིན"ཞེས་ཡར་འཕོ་མར་འཕོ་བྱེད་ཀྱིན་བསྡད། ཅུང་མ་འགོར་བར་མུན་ནག་གི་ཡོལ་བ་ཆེན་པོ་དེ་འཇིག་རྟེན་ཁམས་ལ་བཀབ་བྱུང་བས།  སྒྲོལ་མ་སླར་ཡང་རྡོ་ལྟར་འཁྱག་པར་གྱུར་བའི་བེམ་པོ་དེའི་རུམ་དུ་འཛུལ་ནས་ཉལ་དགོས་བྱུང་། 
ཕར་ནང་སྡེ་བའི་ཟོག་རྫིས་བཟང་མོ་ཚང་གི་ཟོག་ཐོ་རྣམས་ཉིན་གུང་ཙམ་ལའང་རྡང་ལས་མངགས་མེད་པ་མཐོང་བས་ནུབ་མོ་བཟང་མོའི་ཡུལ་བ་ཚང་ལའང་ཆ་སླ་མ་སློང་ཞིག་འཕྲོད་སོང་།  བཟང་མོའི་ཨ་མས་ནུབ་མོ་བཟའ་གོ་འདུས་བྱུང་སྐབས། འཇིགས་མེད་ལ་གདོང་ཕྱོགས་ནས"བཟང་མོ་མ་བུ་གཉིས་ཀར་གཅིག་ལྟ་འི་མ་སོང་ན་། སྡུག་གི་མྱི་ཁ་ཨེ་ཆོད་ད"རྩམ་པ་ལྡག་གིན་དེ་ལྟར་བཤད།  "མགོ་སྟར་གསེས་གྱིས་ད་ཤི་རྒྱུ་ཡོད་ནི་མ་རེད། ད་འདི་འདྲས་མུན་ཞིག་ནག་པས་ང་ནི་འགྲོ་མི་ཐུབ" སྐད་ཆ་དེ་ནི་དགྱ་ཚར་གཡང་ལུགས་སུ་གྱོན་ནས་སྒྱེད་པུའི་གཡས་ལོགས་སུ་ཇ་འཐུང་བཞིན་པའི་འཇིགས་མེད་ཀྱིས་བཤད་པ་རེད། ནུབ་མོ་བཟང་མོའི་ཨ་མའི་སེམས་སུ་བྲེལ་འཚུབ་ལྟ་བུ་ཞིག་ལངས་ནས་མཚན་མོ་གཉིད་ཀྱང་ལེགས་པོ་ཞིག་མ་ཁུག  སྐབས་དེར་སྒྲོལ་མ་ནི་ནམ་རྒྱུན་ལྟར་ཨ་མའི་རུམ་ཁ་དྲོན་མོ་ནས་གཉིད་ཀྱི་ཞིང་ཁམས་འགྲིམ་ཐུབ་བྲལ་ཏེ། རྡོ་ལྟར་འཁྱགས་པའི་བེམ་པོ་འདི་དང་ཆུ་ལྟར་གྲང་བའི་དུས་ཚིགས་འདིའི་ནང་མུན་ནག་གི་རེ་ལྡེ་ཆེན་པོས་ཕྱོགས་ཀུན་ནས་ཡོངས་སུ་གཅུན་པས་སྔངས་ཙམ་སྔངས་ཙམ་བྱེད་པ་ལས་ངུ་སྐད་ཀྱང་མེད་པར་གྱུར་འདུག་ལ།  བཟང་མོའི་རྣམ་ཤེས་ནི་ངའི་བུ་མོ་སྐྱོབས་རོགས་ཞེས་འབོད་ཀྱིན་རང་གི་ཕ་ཁྱིམ་ལ་ཐོན་ཞིང་།  མིང་པོ་འཇིགས་མེད་ཀྱི་སྐད་ཆ་དེ་སྙིང་གི་གཏིང་ལ་རལ་གྲི་ལྟར་ཟུག་ནས་ཁོ་ཐག་ཆད་འདུག  ཕྱི་ཉིན་སྔ་མོ་འཇིགས་མེད་ཀྱིས་རྟ་ཞོན་ཏེ་བཟང་མོ་ཚང་གི་ཕྱོགས་སུ་ཆས། ཡར་ལམ་བཟང་མོ་ཚང་གི་ཟོག་ལྷས་ལ་མིག་ཉུལ་ཙམ་བྱས་པ་ན་འབྲི་མོ་གཉིས་དང་ཡ་རུ་ཞིག་སྟེ།  ཟོག་གསུམ་ཤི་ནས་སྐྱ་ཀ་དང་ཕོ་རོག་དག་གིས་མིག་བྲུས་ཟིན་ཅིང་།  གཡོས་འཕེན་ནས་ཡར་འཕུར་མར་ལྡང་གིས་གོ་ས་རྩོད་ཀྱིན་འདུག་ལ།  བྱིས་པའི་རོ་ཁྱིས་དྲུད་ནས་རྡང་མཐའ་རུ་གཡུགས་འདུག་པས་བཟང་མོ་ཚང་གི་ཁོར་ཡུག་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་ཏུ་ཟད་དོ།། 

      འཇིགས་མེད་ཐད་ཀར་ཁྱིམ་ལ་འཛུལ་དཀའ་བའི་ཚོད་དུ་གདའ།  སྒྲོལ་མ་ནི་འཁྱགས་པ་དང་ལྟོགས་པ། འཇིགས་པ་སྟེ་དགྲ་ཆེན་པོ་གསུམ་གྱིས་ངག་གི་རྒྱུ་བ་ཡོངས་སུ་ཆད་འདུག་ནའང་།  དབུགས་ཀྱི་འགྱུ་བ་ནི་ད་དུང་ཡང་མ་ཆད་ཙམ་དུ་འདུག  འཇིགས་མེད་ཀྱིས་ལུས་ཡོངས་འཁྱག་པར་གྱུར་བའི་སྒྲོལ་མ་རང་གི་ཤ་དྲོད་ལ་གླན་ནས་རེ་བ་ཆེན་པོས་ངོ་ལ་ལྟ་ཞིང་།  མིག་ནས་ཀྱང་འགྲོ་བ་མིའི་གཉུག་གཤིས་ནས་བཞུར་བའི་ཆུ་ཐིགས་དྭངས་མོ་ཞིག་སྣ་མགོ་བརྒྱུད་ནས་སྒྲོལ་མའི་སྐྲ་གསེང་ལ་སིམ་སོང་།  སྐབས་འདིར་བཟང་མོའི་རྣམ་ཤེས་ནི་དགའ་སྐྱོ་འདྲེས་མའི་གདུང་ཚོར་དེས་ཤུམ་ཤུམ་དུ་ངུ་བཞིན་འདུག  ཉིན་དེ་ནས་བཟུང་བཟང་མོ་ཚང་ཟེར་བའི་ཁྱིམ་ཚང་དེའི་མཐའ་རྩ་ཆད་ནས་སྒྲོལ་མ་ནི་གཉེན་སྒྲིག་ནས་ལོ་དགུ་ཕྱིན་ཡང་སྐྱེས་མཐའ་མ་བྱུང་བའི་རྡོ་ཐར་གྱིས་གསོ་རྒྱུ་ཁས་བླངས་པ་ལྟར་རྡོ་ཐར་ཚང་ལ་བྱིན་སོང་།  ལོ་གཉིས་གསུམ་ཞིག་གི་རིང་ལ་སྔར་ལྟར་རྡོ་ཐར་གྱི་རྒན་མོ་ལ་མངལ་མ་ཆགས་པས་རྡོ་ཐར་གྱིས་སྒྲོལ་མ་ཤིན་ཏུ་གཅེས་ཤིང་།  སྒྲོལ་མས་རྡོ་ཐར་ལ་ཨ་ཕ་ཞེས་འབོད་ལ། ཁོའི་རྒན་མོར་ཨ་མ་ཞེས་འབོད་པས་སྒྲོལ་མ་ལ་མཚོན་ན་ཨ་མར་བྲལ་བའི་སྡུག་བསྔལ་ཆེན་པོ་ཅི་ཡང་མ་བྱུང་།  འོན་ཏེ་བཟང་མོའི་རྣམ་ཤེས་ཀྱིས་དེ་ཕྱིན་གྱི་དགའ་སྐྱོའི་ལ་མོ་སྣ་ཚོགས་བརྒལ་བའི་སྒྲོལ་མའི་འཇིག་རྟེན་ལ་ཉན་རྣ་བྱེད་དབང་མེད་པར་ཚེ་ཕྱི་མའི་ལམ་ཁ་ཟེར་བ་དེར་སྙེག་དགོས།  གལ་ཏེ་བཟང་མོའི་རྣམ་ཤེས་ཀྱིས་སྔར་བཞིན་སྒྲོལ་མའི་སྐྱིད་སྡུག་ལ་ལྟ་དབང་ཡོད་ན་ལོ་ངོ་གཉིས་གསུམ་པོ་འདི་དག་ནི་སྒྲོལ་མའི་མི་ཚེ་གཅིག་གི་ལྟ་རིན་ཡོད་པའི་དུས་སྐབས་དེ་ཡིན། 

     རྡོ་ཐར་གྱིས་སྒྲོལ་མ་རང་གི་ཤ་ཆད་ཀྱི་བུ་ལྟར་གཅེས་སྐྱོང་བྱས་ནས་ལོ་ངོ་ཧྲིལ་བོ་གསུམ་འགོར་བའི་ལོ་དེར་རྡོ་ཐར་གྱི་རྒན་མོར་མངལ་འཁོར་འདུག  ཟླ་དགུ་ཞག་བཅུ་རིམ་གྱིས་རྫོགས་ཏེ་རྡོ་ཐར་གྱི་བུ་ཆུང་འཇིག་རྟེན་དུ་ཐོན་བྱུང་།  སྒྲོལ་མ་སླར་ཡང་མགོན་མེད་དྭ་ཕྲུག་ཏུ་གྱུར་བ་དང་བྱིས་པ་དེ་འཇིག་རྟེན་མི་ཡུལ་དུ་སླེབས་པ།  རྡོ་ཐར་བཟའ་བའི་མྱི་ལོ་མང་པོའི་སེམས་ཀྱི་ཁུར་བོ་ཕོག་ནས་ཕ་མ་ཞེས་པའི་དངོས་མིང་མཚན་ཉིད་པ་ཐོབ་པ་ནི་དུས་མཉམ་དུ་བྱུང་ངོ་།།   སྒྲོལ་མ་ལོ་ངོ་དྲུག་ནས་བཟུང་རྡོ་ཐར་ཚང་གི་བེའུ་རྫི་ནས་ཟོག་རྫིར་གྱུར་པའི་གོ་རིམ་ནང་འོད་ཟེར་ལ་བཤད་པའི་མོ་རང་གི་གཏམ་རྒྱུད་རིང་ལ་འཛད་མཐའ་མེད་པ་དེ་དག་བྱུང་བ་རེད།  ཉིན་དེར་བཤད་པའི་མཚན་མོ་དེར་སྒྲོལ་མ་འཇིགས་སྐྲག་དང་གྲང་ངར་དེ་འདྲར་བསྲན་ནས་སྡོད་རྐྱེན་ཕྱིར་ལོག་ན་རྡོ་ཐར་གྱིས་གསོད་ལ་ཁད་ཅིག་བརྡུངས་ནས་ཕྱིར་བདའ་ངེས་པས་ཡིན།  སྒྲོལ་མས་མུ་མཐུད་དུ"ནུབ་མོ་དེར་ང་འཁང་མ་སོང་བ་ཡ་མཚན་ཨང" ཞེས་ཟེར་བཞིན་མིག་གིས་མདུན་ཐད་དུ་གཡོ་མེད་དུ་བལྟས་འདུག  མོ་རང་ཉིད་ཀྱང་ནུབ་མོ་དེའི་སྒྲོལ་མ་ཟེར་བའི་བུ་མོ་དེའི་ལས་དབང་ལ་སྐྱོ་བ་སྐྱེ་བཞིན་པ་འདྲ།  འོད་ཟེར་གྱིས་ཡུད་ཙམ་ལ་འདང་བརྒྱབས་ནས"ཁྱོད་ཀྱིས་རྡོ་ཐར་ལ་ཨ་ཕ་ཞེས་འབོད་པ་མིན་ནམ"ཞེས་དྲིས།  དངོས་གནས་དང་ཐོག་སྒྲོལ་མས་རྡོ་ཐར་ལ་ཨ་ཕ་ཞེས་འབོད།  ཡིན་ན་ཡང་རྡོ་ཐར་ལ་རིམ་བཞིན་བུ་བུ་མོ་གཉིས་སྐྱེས་པའི་གོ་རིམ་ནང་།  སྒྲོལ་མས་ཁ་ནས་ཨ་ཕ་ཞེས་འབོད་པ་ལས་དོན་དུ་སྒྲོལ་མ་ནི་རྡོ་ཐར་སྐྱེ་བ་སྔོན་མར་ངན་གསོད་བྱེད་མཁན་གྱི་ལག་དམར་དངོས་སུ་ལས་ཀྱི་ཆད་པས་ཁོའི་འཁོར་དུ་སྐྱེས་པ་ལོས་ཡིན་སྙམ་པ་འདུག  སྒྲོལ་མའི་ཆེད་དུ་འོད་ཟེར་གྱི་གདོང་ལ་གཞན་གྱིས་རྡོས་བརྒྱབས་པའི་དགོང་མོ་ནས་སྒྲོལ་མས་རྡོ་ཐར་ལ་ཨ་ཕ་མི་ཟེར།  སྡེ་བའི་གསར་བུ་རྐྱལ་སྟོང་འགས་སྒྲོལ་མར་བཙན་པོ་བྱེད་གྲབས་ཡོད་སྐབས།  གློ་བུར་དུ་འོད་ཟེར་ཐོན་ནས་སྲོག་བསྡོས་ཀྱིས་རྐྱལ་སྟོང་གསུམ་པོར་ངོ་ཡ་བྱས།  སྒྲོལ་མར་ཉེན་ཁ་མ་བྱུང་ན་ཡང་འོད་ཟེར་གྱི་གདོང་ལ་རྡོས་བརྒྱབས་པའི་ཤུལ་ད་ལྟའང་གཞན་གྱིས་མིག་ལ་མི་མཛའ་ཞིང་།  སྒྲོལ་མའི་སྙིང་དུ་ཆེས་སྡུག་པར་གྱུར་པ་འདི་རེད།  སྒྲོལ་མས་རྨ་ཤུལ་འདི་ལས་རང་ཉིད་ལ་སྙིང་ཉེ་བའི་ཁྱོ་ག་ཞིག་ཐོབ་པའི་སེམས་ཀྱི་དྲོད་སྣང་རྙེད་ཐུབ་ཀྱིན་འདུག



    དགོང་མོ་དེར་རྡོ་ཐར་གྱིས་སྒྲོལ་མར་གཅར་རྡུང་དྲག་པོ་བྱས་པས།  སྒྲོལ་མས་རང་ཉིད་ཀྱི་གཉོམ་ཆུང་གི་མི་གཤིས་ལས"ཨ་ཕ"ཞེས་པའི་འཁོས་ཆུང་གི་སྐད་ཅིག་ཤོར་བ་ན།  རྡོ་ཐར་དེ་བས་ཀྱང་ཞེ་སྡང་འབར་ཏེ། ནོར་གྱིས་འཕྲུགས་ནས་བཞོའི་སོང་བའི་མཁའ་ཆོན་གྱི་ཀ་རས་སྒྲོལ་མར་གཉིས་གསུམ་ཞིག་བརྒྱབས་ནས།"སུ་ཁྱོའི་ཨ་ཕ་རེད། ད་ཕྱིན་ཆད་ཁྱོས་དེ་མོ་དེ་ཤོད་ད།  ངས་ཇོ་བོ་རིན་པོ" ཞེས་ཟེར་ཞོར་ཁྱིམ་དུ་བྱིན་སོང་།  ཉིན་དེ་ནས་བཟུང་སྒྲོལ་མས་རྡོ་ཐར་ལ་ཨ་ཕ་ཞེས་འབོད་ཀྱི་མེད་པར་རྡོ་ཐར་ཞེས་དངོས་མིང་གིས་འབོད།  དང་པོ་སྒྲོལ་མས་རྡོ་ཐར་ཟེར་དུས་རོགས་པ་ཚོས་སྒྲོལ་མའི་ངོ་ལ་ཧོབ་གྱིས་རེ་ལྟ།  འོད་ཟེར་གྱིས་ད་བར་དུ་སྒྲོལ་མར་འདྲི་འདོད་ཀྱང་དེ་རིང་གཟོད་གློ་བུར་དུ་དྲིས་པས། སྒྲོལ་མས་མ་གོ་བ་ལྟར། "གཟེ་འགོ་བཅོམ་ཨེ་རེད" (རྫི་བོས་ཟོག་ཡུལ་ལ་འདེད་གྲབས་བྱས་པའི་དོན)ཟེར་བཞིན། སེར་ལམ་ལམ་གྱི་ཉི་རྩེའི་ཕྱོགས་སུ་བལྟས་བྱུང་།  སྐབས་དེར་མོའི་མིག་ཟུང་ལ་ཆུ་རིས་འཁོར་འདུག  སྐྱོ་ཉམས་དེས་འོད་ཟེར་གྱི་སེམས་པ་གཉོམ་དུང་དུང་བྱས།  འབྲོག་སའི་དགོང་སྲོད་ཀྱི་རི་སྒང་ནི་གྲང་རླུང་རུས་པའི་གཏིང་ལ་ཟུག་པ་ཞིག་ཡིན།  ནམ་རྒྱུན་ལྟར་སྒྲོལ་མ་དང་འོད་ཟེར་གཉིས་ཀས་བོའུ་སྐད་མཆེད་པའི་འུར་རྡོ་འཕེན་བཞིན་ཟོག་རྣམས་རི་སྒང་ནས་མར་ཕབས་ནས་རི་སྐེད་ལ་ཐོན་དུས།  ཕྱུགས་ཟོག་རྣམས་ཀྱང་གོམས་སྲོལ་གྱི་དབང་གིས་ངང་གིས་གཤར་འགྲོ།  རེ་ཟུང་སྔོ་རྩྭ་ལ་གཡེང་ན་བོའུ་སྐད་མཆེད་པའི་འོད་ཟེར་གྱི་བཙག་སྐད(འུར་རྡོའི་སྣེ་མོར་བལ་གྱིས་བཟོས་པའི་ཆས་དེ་ལས་མཆེད་པའི་སྒྲ)ཀྱིས་དེད་ཆོག་པས། སླར་ཡང་སྒྲོལ་མ་དང་འོད་ཟེར་གཉིས་ཀ་ཁ་བརྡའི་ནང་དུ་ལྷུང་།  འོད་ཟེར་གྱིས"ང་གྲྭ་པ་བྱེད་འདོད" སྒྲོལ་མས་ཀུ་རེའི་ཚུལ་དུ"གཡང་སྒྲོན་མི་ངུའམ"  འོད་ཟེར་གྱིས་ཀྱང་ཀུ་རེའི་ཚུལ་དུ"ཁྱོད་མི་ངུ་ན་གཡང་སྒྲོན་སྲོན་ཁ་ཆེ" སྐབས་དེར་སྒྲོལ་མས་ཕར་ཕྱོགས་ན་ཁེར་རྐྱང་གིས་རྩ་བཟའ་བཞིན་པའི་ཡ་རུ་ཁུལ་འཕྱང་ཅན་ཞིག་ལ་འུར་རྡོ་འཕེན་བཞིན་ཡོད་པས་འོད་ཟེར་གྱི་སྐད་ཆས་གད་མོ་སློང་མ་ཐུབ་པ་འདྲ།  འོད་ཟེར་གྱི་སྐད་ཆ་འདི་སེམས་ཁོང་གི་སྐད་ཆ་རེད།  ཁོ་རང་ད་ལོ་གློ་གཅོང་གི་ནད་ཀྱིས་ཟིན་ཏེ་དར་མདོ་སྨན་ཁང་དུ་འགྲོ་དགོས་བྱུང་ཞིང་།  སྐབས་དེར་དགྱ་སྐད་རྡོག་མ་གཅིག་ཀྱང་མི་ཤེས་པའི་འོད་ཟེར་དང་འོད་ཟེར་གྱི་ཨ་ཕ་གཉིས་ཀ་ཁམས་དར་མདོ་ཟེར་བའི་ལུང་པ་རུབ་རུབ་ཀྱི་གྲོང་ཁྱེར་ཆུང་ངུ་དེར་སླེབས།  འོད་ཟེར་ཕ་བུ་གཉིས་ལ་མཚོན་ན་གྲོང་ཁྱེར་ཆུང་ངུ་འདི་ཡང་འབྲོག་སའི་ནགས་ཚལ་བརྒྱ་སྟོང་ལས་སྟུག་པ་འདྲ། ཁང་བརྩེགས་མཐོན་པོ་དེ་དག་ལས་འོད་ཟེར་ཕ་བུ་གཉིས་ཀྱིས་སྔུན་རྒྱབ་དང་གཡས་གཡོན་མི་ཁོལ་བས་ཁོང་གཉིས་ལ་མཚོན་ན་སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུར་གྱུར།  ནུབ་མོ་བོད་ཀྱི་ལ་བ་གྱོན་པའི་བུ་མོ་ཞིག་གིས་ཁོང་གཉིས་མགྲོན་ཁང་དུ་བསུས་ཞིང་།  སྒོར་ལྔ་བཅུ་རེ་བྱིན་རྗེས་སུ་དུད་སྣེ་ཐར་ཐོར་དང་སྣ་ཁྲག་ལྟ་བུ་རེ་འགོས་པའི་གཙང་ཤོག་མང་པོ་འཐོར་ཡོད་པའི་མགྲོན་ཁང་གཉིས་མལ་ཅན་ཞིག་ཏུ་བཞག  ཕར་བལྟས་ཚོད་ལ་ཞབས་ཕྱི་མ་དེ་གཞིས་ཤག་དེར་སྐར་ཆ་ཙམ་ལའང་འདུག་བཟོད་ཀྱིན་མེད་པ་འདྲ་ཡང་།  འོད་ཟེར་ཕ་བུ་གཉིས་ལ་མཚོན་ན་ཧ་ཅང་ཆ་རྒྱུས་ཡོད་པའི་རང་ཁྱིམ་ལ་སླེབས་པ་དང་འདྲ་བར་སེམས་ལྷོད་ལ་བཞག་ནས་རང་ཁྱིམ་ནས་བཟུང་འོང་བའི་རྩམ་པ་དང་གོར་བ་བཟའ་འགོ་བརྩམས། ཞབས་ཕྱི་མར་སྨན་ཁང་གི་གནས་ཚུལ་སོགས་དྲི་རྒྱུ་མང་པོ་ཞིག་ཡོད་པ་འདྲ་ཡང་།  ཞབས་ཕྱི་མས་འགྲོ་ཞོར་དུ་ལན་སྟབས་བདེ་རེ་སྦྱིན་པ་ལས་ཁང་པ་འདི་དང་དྲི་མ་དང་དྲེག་པ་གཅིག་མཚུངས་སུ་ཆགས་པའི་ཕ་བུ་འདི་གཉིས་ལ་ཤ་ལྷོད་པའི་ཁ་བརྡ་ཞིག་ག་ལ་བྱེད་དེ་མི་བྱེད་དོ།། 

    སྨན་ཁང་གི་སྒོ་ཁྱམས་ན་གོས་དཀར་གྱོན་པའི་བུ་མོ་རེ་འགའ་བྲེལ་འཚུབ་ཀྱིས་ཕར་ཚུར་འགྲོ་བཞིན་འདུག་ལ།  འོད་ཟེར་ཕ་བུ་གཉིས་དང་འདྲ་བའི་ཅི་བྱ་གཏོལ་མེད་དུ་ལུས་པའི་འབྲོག་པ་རེ་ཟུང་གིས་སྐད་འགོ་མཐོན་པོས་ཁ་པར་གཏོང་བ་དང་ཤོག་བུ་དཀར་པོ་རེ་བཟུང་ནས་བསྒུགས་འདུག  འོད་ཟེར་ཕ་བུ་གཉིས་ཀར་བུ་མོ་ཞིག་གིས་བརྡ་བསྟན་པ་ལྟར"དངུལ་སྤྲོད་ཁང"ཞེས་སྒོ་བྱང་སྦྱར་ཡོད་པའི་ཕྱོགས་སུ་སོང་།  ནང་གི་གོས་དཀར་གྱོན་པའི་དགྱ་མོ་ཞིག་གིས་དགྱ་སྐད་ཀྱིས"སྨན་ཁང་དུ་འདུག་ན་སྒོར་སུམ་སྟོང་སྤྲོད"ཅེས་བཤད།  འོད་ཟེར་ཀྱི་ཨ་ཕས་དོན་ཅི་ཡང་མ་གོ་བས་གཉོམ་ཆུང་གིས་ཕར་ཚུར་གྱི་བོད་མི་དག་ལ་བལྟས།  འོད་ཟེར་ཕ་བུ་གཉིས་ཀྱིས་དགྱ་སྐད་མི་གོ་བ་ཤེས་རྗེས་གོས་དཀར་གྱོན་པའི་བོད་མོ་ཞིག་གིས"ཧོ་རོ་གཉིས་སྨན་ཁང་དུ་སྡེད་ན་སྒོར་སྟོའི་གསུ་དགོ་རེད"དཀར་མཛེས་པའི་སྐད་ཀྱིས་བཤད།  སྐད་སྦུགས་བརྒྱུད་ནས་སྨྲ་དགོས་པ་དང་རོང་སྐད་ཡིན་པས་འོད་ཟེར་ཕ་བུ་གཉིས་ཀས་དེ་ཡང་གཏན་ནས་གོ་མ་ཐུབ།  ནད་གཡོག་མས་དགྱ་སྐད་ཀྱི་ལམ་ནས"དུད་འགྲོ་ཁོ་ཐག་རེད"ཅེས་སྨྲ་བཞིན་སྡང་མིག་ཅིག་བལྟས་པས་འོད་ཟེར་ཕ་བུ་གཉིས་ཕྱིར་བཀྱེད་ནས་དགྱ་སྐད་འབྲོག་སྐད་གཉིས་ཀ་ཤེས་པའི་བླ་བདེ་རེ་ཨེ་འོང་ལ་རེ་སྒུག་བྱས།  ཆེས་སྔ་མར་ཐོན་པའི་འོད་ཟེར་ཕ་བུ་གཉིས་ཆེས་རྗེས་མར་ལུས་སོང་།  དེ་ནས་འབྲོག་སྐད་ཤེས་པའི་གོས་དཀར་གྱོན་པའི་ནད་གཡོག་མ་ཞིག་གིས་གུས་ལུགས་དང་བཅས།  ཁོང་གཉིས་ལ་སྐད་སྒྱུར་བྱས་ཤིང་།  ནད་ཁང་དང་གཙང་སྤྱོད་ཁང་སོགས་འཚམ་སྦྱོར་བྱས་པས།  འོད་ཟེར་ཀྱི་ཨ་ཕས་སེམས་གཏིང་ནས་བཀའ་དྲིན་ཞུས།  དཀའ་ཁག་ཡོད་སྐབས་རོགས་བྱས་པ་ནི་མི་སེམས་ཀྱི་གཏིང་ནས་ཚེ་གང་ཡལ་ཐབས་མེད་པ་ཞིག་ལགས་པས།  འོད་ཟེར་གྱིས་མི་ཚེ་ཡི་ཤོག་ལྷེ་རུ་ཡལ་ཐབས་མེད་པའི་སྒྲོལ་མའི་མི་ཚེ་ལྟ་བུའི་ཟིན་ཐོ་གཉིས་པ་ཞིག་བཀོད་སོང་། 

     ནུབ་མོ་མཚན་སྨད་ཙམ་ནས་འོད་ཟེར་ལ་མགོ་གཟེར་སྔ་ན་བྱུང་མ་མྱོང་བ་ཞིག་བྱུང་སྟེ། རིམ་གྱིས་ཁ་ཡང་གྲག་མི་ཐུབ་པར་གྱུར།  འོད་ཟེར་གྱི་ཨ་ཕ་ད་ཅིའི་ནད་གཡོག་མ་དེའི་ཁང་ཤག་ཏུ་བརྒྱུགས་ནས། "ངའི་ཞི་ལིའི་ནད་འཕར་བྱུང་།  ཁྱོད་ཀྱིས་གཅིག་ལྟ་རོགས" ཞེས་ཞུས།  མོ་རང་འོངས་ནས་འོད་ཟེར་ལ་བལྟས་པ་ན།  འོད་ཟེར་གྱི་ལུས་ཡོངས་རྔུལ་ཆུས་བརླན་ཞིང་།  དབུགས་ཀྱི་རྒྱུ་བ་ཡང་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར་འདུག  ནད་གཡོག་མས་མྱུར་སྟབས་ཀྱིས་སྨན་པ་གཞན་ཞིག་ལ་འབོད་བརྡ་བཏང་ཞིང་།  རང་ཉིད་ཀྱིས་འོད་ཟེར་གྱི་ཨ་ཕ་དང་ལྷན་དུ་བསྒུགས།  སྐབས་དེར་འོད་ཟེར་གྱི་ལུས་སེམས་སོ་སོར་བྲལ་ནས་རང་ཉིད་ཀྱིས་ད་བར་དུ་གཅེས་ཤིང་བསྐྱངས་པའི་རང་ལུས་ནི་མལ་ཁྲིའི་སྟེང་དུ་འགུལ་བ་མེད་པར་ལུས་འདུག་ཅིང་།  ཨ་ཕའི་སྲ་གཟུགས་ཀྱི་མི་གཤིས་ལས་ངུ་སྐད་མེད་པའི་མིག་ཆུ་ཟུང་གཅིག་སྣ་གཤོང་ལས་ས་རུ་ཟགས་ཀྱིན་འདུག་ལ།  ནད་གཡོག་བུ་མོས་ཨ་ཕར་སེམས་གསོ་གཏོང་བཞིན་འདུག་པས་ད་གཟོད་འོད་ཟེར་གྱིས་རང་ཉིད་ཤི་གསོན་ཕྱི་མའི་ལ་ཁ་ཟེར་བའི་སྙིང་ཉེ་བ་ཐམས་ཅད་ཀྱི་ཕྱི་རོལ་ཏེ།  ཆེས་ཁེར་རྐྱང་གི་འཇིག་རྟེན་དེར་ཐོན་ཟིན་པ་ཤེས་ནས་བརྗོད་ཐབས་བྲལ་བའི་གདུང་ཡུས་དང་འཇིགས་སྣང་གི་ཁྲོད་ནས་ཤེས་པ་ནག་འཐོམ་མེར་བརྒྱལ་སོང་།  དུས་ཚོད་གཅིག་ཡས་མས་ནས་གཟོད་སྨན་པ་སླེབས་བྱུང་།  སྨན་པས་ལྟ་ཙམ་ཞིག་བྱས་ནས"ཤི་ཟིན་འདུག  བཀོད་པ་མི་འདུག སྨན་ཁང་ནས་འབུད་པའི་འགྲོ་ལུགས་སྒྲུབས"ཞེས་བཤད་པ་ལྟར་ན་མི་ཞིག་ཤི་བ་ནི་ཁོ་ཚོས་ས་འབུ་ནག་ནར་ཞིག་ལའང་བརྩི་གིན་མེད་པ་འདྲ།  འོད་ཟེར་གྱི་ཨ་ཕས་སྐད་འགོ་ཧ་ཅང་མཐོན་པོས་ཕ་ཡུལ་ལ་ཁ་པར་གཏོང་བཞིན་པའི་སྒང་དེར་འོད་ཟེར་གྱི་མིག་ཕྱེས་བྱུང་།  ནད་གཡོག་མས་འོད་ཟེར་གྱི་འགྲམ་པ་ལག་པའི་བར་དུ་བཙིར་ནས་ཆུ་རིས་འཁོར་བའི་མིག་ཟུང་གིས་ཡུད་ཙམ་ལ་ཅེ་རེར་བལྟས་བྱུང་། "ཁྱོད་ཕྱིར་ཐོན་སོང་ངམ"ཞེས་དྲིས་པ་ན་ཨ་ཕས་ཁ་པར་བརྒྱབས་ཚར་ནས་ཚུར་བལྟས་པ་དང་འཕྲད་པས།  ཡུད་ཙམ་ལ་ཨ་ཕའི་ལག་ནས་ཤོར་བའི་ཁ་པར་དང་རྡོ་གཅལ་འཕྲད་པའི་སྒྲ་དེའི་ཁང་མིག་ཧྲིལ་བོ་བཀང་སོང་།  འོད་ཟེར་གྱིས"ཨ་ཕ"ཞེས་བོས་པས་གཟོད་ཨ་ཕ་ཚུར་བརྒྱུགས་ནས་འཛུམ་མདངས་དང་འགྲོག་པའི་མིག་ཆུ་ཟུང་གཅིག་ས་རུ་ཟགས་བཞིན། "ཞི་ལི་དཀོན་མཆོག་གི་བཀའ་དྲིན་གྱིས། ཁྱོད་སླར་ཡང་ང་ལ་གནང་བྱུང"ཞེས་བཤད།  སྐབས་དེར་འོད་ཟེར་ནི་ད་ཅིའི་རང་གི་ལུས་སེམས་བྲལ་བའི་ཚོར་བ་འཇིགས་ཡེ་རེ་བ་དེ་ལས་བུད་མེད་པས།  ནད་གཡོག་མའི་ཆུ་རིས་བཀྲ་བའི་ཁྲ་སྒོར་སྒོར་གྱི་མིག་ཟུང་དང་།  འདར་ཞད་ཡོད་པའི་ཨ་ཕའི་སྐད་ངག་གི་འཇིག་རྟེན་དེར་འོང་མ་ཐུབ། 

      སྤྱིར་ཡིན་ན་འོད་ཟེར་གྱིས་མི་གཞན་ལ་ཡིད་སྨོན་འཆོར་མ་མྱོང་ཟེར་ཆོག  ཡིན་ན་ཡང་སྨན་ཁང་དུ་བསྡད་པའི་ཉིན་འདི་དག་ལ་ཡིད་སྨོན་འཆོར་ས་ཅི་འདྲས་མང་ཨང་སྙམ།  སྨན་ཁང་ནས་ཐོ་འགོད་བྱེད་པའི་ཉིན་དེར་གོན་པ་བཅའ་དག་གྱོན་པའི་གསར་བུ་གསར་མོ་མང་པོས་སྒྲ་དག་སྒྲོས་གཙང་གིས་སྨན་པར་ཁ་བརྡ་བྱེད།  ཕར་བལྟས་ཚོད་ཀྱིས་འགའ་རེས་སྨན་པར་ཚིག་རྩོད་བྱེད་ཀྱིན་པ་འདྲ་ལ།  འགའ་རེའི་རེ་བ་ཞུ་བཞིན་པ་འདྲ།  སྐབས་དེར་ཁོས་ཨ་ཕར་རེ་རེ་ལྟ་བཞིན་ཁོ་ཕ་བུ་གཉིས་ནི་ཅི་འདྲའི་གླེན་པ་ཁ་ནག་ཅིག་རེད་ཨང་།  ཉིན་འདི་དག་གི་རང་ལ་ནད་གཡོག་མ་དེས་གཞན་པ་དག་ལ་གུས་ལུགས་ཡོད་པའི་ཞབས་ཕྱི་སྒྲུབ་སྐབས་སུ་རང་ཉིད་ཀྱིས་བོད་ཀྱི་ནད་པ་ནད་གཡོག་འཁོས་ཞན་འདི་དག་ལ་འདི་ལྟར་ཞབས་ཕྱི་སྒྲུབ་ཐུབ་ན་ཇི་མ་རུང་ཨང་སྙམ།  འདི་ནི་ནད་གཡོག་མའི་ཞབས་ཕྱི་སྒྲུབ་སྟངས་ཁོ་ན་ལས་བྱུང་བ་ཞིག་མ་ཡིན་པར། སྨན་པ་གཞན་དག་གིས་དགྱ་སྐད་མི་ཤེས་པའི་བོད་མིའི་ནད་པ་ནད་གཡོག་དག་ལ་མཐོང་ཆུང་གིས་ཉམས་སྟོན་ཐེངས་རེ་རེར།འོད་ཟེར་གྱིས་རང་ཉིད་སྨན་པ་ཞིག་ཡིན་ན་བོད་མི་འཁོས་ཆུང་འདི་དག་ལ་སྨན་རིན་ཡང་མི་དགོས་པར་ཞབས་ཕྱི་སྒྲུབ་ཆོག་ཨང་སྙམ་པའི་སེམས་བྱུང་རེ་ངང་གིས་སྐྱེས་བྱུང་།  གཟའ་འཁོར་གཅིག་ཙམ་ལ་སྨན་ཁང་ནས་བསྡད་རྗེས་སྨན་པས་སྨན་ཁྱེར་ནས་སོང་ན་ཆོག་ཟེར་བས་འོད་ཟེར་སྨན་ཁང་ནས་བུད་པ་རེད།  འོད་ཟེར་ལ་མཚོན་ན་ད་ལོའི་དུས་ཚོད་ནི་མི་ཚེ་ནང་གི་འགྱུར་ལྡོག་ཆེས་ཆེར་དགོད་པའི་དམིགས་བསལ་གྱི་ལེའུ་ཞིག་རེད།  སྨན་ཁང་ནས་ལོག་རྗེས་སུ་ཁོ་ལ་ནམ་རྒྱུན་ལྟ་བུའི་མི་ཚེ་སྒྲོལ་མ་དང་ལྷན་དུ་རྩྭ་ཐང་ནས་སྐྱེལ་འདོད་ཀྱི་འདུན་པ་དེ་མི་འདུག  དེའི་རྐྱེན་གྱིས་ཁོས་དེ་རིང་སྒྲོལ་མར"ང་གྲྭ་པ་བྱེད་འདོད"ཅེས་བཤད་པ་རེད།  འོན་ཏེ་སྒྲོལ་མས་དེ་ནི་ཁ་མཚར་ཞིག་ཏུ་བརྩིས་པར་མ་ཟད།  ཁོང་གཉིས་ཁ་ཁར་འགྲོ་ཁ"ཁྱོད་གྲྭ་པ་བྱས་རྗེས།  ངས་ཁྱོད་ལ་ཆུ་ལྕུམ་སྐུར་འོང་།  ང་དམྱལ་བར་མི་གཏོང་རྒྱུ་ཁྱེད་མཁྱེན" ཞེས་བཤད་ནས་གད་མོ་དགོད་བཞིན་བུད་སོང་།  ནུབ་མོ་རྡོ་ཐར་ཚང་བཟའ་གོ་འདུས་རྒྱག་སྐབས་ཀྱང་ཟར་མ་ཟུར་ནས་འོད་ཟེར་གྲྭ་པ་བྱེད་རྒྱུ་ཡིན་པའི་གཏམ་འཁྱར་ཞིག་ཁོ་ཚོའི་གླེང་གཞི་རུ་གྱུར་ཅིང་སླར་ཡང་གླེང་གཞི་གཞན་ཞིག་ཏུ་གྱུར།  སྒྲོལ་མར་མཚོན་ན་ཡང་ད་ལོ་མི་ཚེ་ལ་འགྱུར་ལྡོག་བྱུང་ཡོད་དེ།  ཕལ་ཆེར་ལོ་སར་ནས་རྡོ་ཐར་གྱི་གཅད་རྡུང་ཉོ་མ་དགོས་ལ། རྡོ་ཐར་གང་དུ་སོང་ཡང་སྟོད་ལེ་དང་།  རྣ་ལོང་སོགས་ཀྱིས་མཚོན་པའི་ལེགས་སྐྱེས་རེ་ཡང་ཆག་མེད་དུ་ཉོས་འོང་།  ཕྱི་ཉིན་སྒྲོལ་མ་འོད་ཟེར་དང་འཕྲད་མ་ཐག"ཁྱོས་ངོ་མ་བཤད་པ་ཡིན་ནམ" ཞེས་བཤད་བཞིན་འོད་ཟེར་གྱི་སྐེ་ལ་འཐམས་ནས་ངུས་བྱུང་།  "ངས་ཅི་ཞིག་བཤད་སོང་། ཁྱོད་ཀྱིས་ད་ལོ་རྡོ་ཐར་གྱིས་ཁྱོད་ལ་གཅད་རྡུང་མི་བྱེད་ཀི་ཅེས་བཤད་པ་མིན་ནམ" འོད་ཟེར་གྱི་སེམས་སུ་སྒྲོལ་མར་མནར་གཅོད་གཏོང་མཁན་ནི་རྡོ་ཐར་ཁོ་ནར་སེམས་ཡོད་པ་འདྲ།  དེ་ནས་སྒྲོལ་མས་ཀྱང་འོད་ཟེར་བཏང་ནས། "དེ་རིང་འུ་གཉིས་གོ་བཀྱམས(རྫི་བོ་དག་གོ་བགོས་བྱས་ནས་ཟོག་འཚོ་བ)ནས་ཟོག་འཚོ" "ཁྱོད་ལ་ཅི་ཞིག་མ་ཉན" "ང་ལ་ཅང་མ་བྱུང" སྐབས་དེར་གློ་བུར་དུ་འོད་ཟེར་གྱི་སེམས་སུ་ཤར་བྱུང་། "ང་གྲྭ་པ་བྱེད་རྒྱུ་དེར་ཁྱོད་མི་འཐད་པ་ཨེ་རེད། ངས་ཀྱང་ཁྱོད་ལ་གསལ་བཤད་བྱེད་བསམ་ཡོད་ཀྱང་།  ད་བར་དུ་དུས་ཚོད་ལེགས་པོ་ཞིག་མ་བྱུང" ཞེས་བཤད།  སྒྲོལ་མས་ཁ་ནང་དུ་ཐོན་པའི་སྐྲ་སྣེ་རྣ་ལྟག་ཏུ་འདེད་ཀྱིན། "ང་འདྲེ་མོ་མིན་ན་ཁྱོད་གྲྭ་པ་བྱེད་རྒྱུར་ལོས་འཐད" "སྤྱིར་ན་ངས་ཚེ་གང་བོར་ཁྱོད་དང་ལྷན་དུ་འཚོ་བ་རོལ་འདོད་ཡོད།  འོན་ཀྱང་ད་ལོ་ང་སྨན་ཁང་དུ་སོང་བ་ནས་ངའི་བསམ་ཚུལ་འདི་ལ་འགྱུར་བ་ཞིག་ཕྱིན་སོང་།  ངས་ཕ་མ་གཉིས་ལའང་བཤད་ཟིན། ཡིན་ན་ཡང་ཁྱོད་འཐད་པ་མིན་ཕྱིན་ཆོས་རྒྱལ་བྱོན་ཀྱང་ང་གྲྭ་པ་མི་བྱེད།  ཁྱོད་ཀྱིས་གཟུགས་ལང་ཚོ་དང།  ཁྱེད་ཚང་གི་རྒྱུ་འབྱོར་བ་གང་ལ་ལྟོས་ཀྱང་། ཁྱོད་ཀྱིས་ང་མིན་ན་ཡང་ཚེ་རོགས་དགའ་ཞིག་ལོན་ངེས་པར་བསམ་ནས་ངས་ཁྱོད་ལ་བསམ་བློ་ཞིག་གཏོང་དགོས་ཞེས་བཤད་པ་ཙམ་ཡིན" ཞེས་བཤད། "ཁྱོད་གྲྭ་པ་བྱས་སོང་ན་ངའི་མི་ཚེའི་ཁ་ཕྱོགས་ཀྱང་སྒྱུར་རྒྱུ། འོན་ཀྱང་ངས་ཁྱོད་ལ་བཀག་འགོག་གཏན་ནས་མི་བྱེད" སྒྲོལ་མས་སྙན་ངག་པའི་སྐད་ཆ་ལྟ་བུའི་སྐད་ཆ་བར་སྟོང་ཅན་ཞིག་བཤད་སོང་ལ།  མུ་མཐུད་དུ"རྐྱལ་སྟོང་དེ་དག་གིས་ང་ལ་བཙན་པོ་བྱེད་སྐབས།  ཁྱོད་ཀྱིས་ང་ཡི་ཆེད་ཁོ་ཚོར་འཐབ་འཛིང་བྱས་ནས་རྨ་ཤུལ་དེ་བཏོད་པ་ནས་བཟུང་ངས་རང་ཉིད་ནི་ཁྱོ་ག་ཡོད་པའི་བུ་མོ་ཞིག་ཏུ་སྙམ་ཡོད"སྔོན་གྱི་བརྩེ་བ་གླེང་འགོ་བརྩམས་བྱུང་།  ཉིན་ཧྲིལ་བོར་ཕན་ཚུན་བརྩེ་དུང་གི་གཏམ་རྒྱུད་གླེང་ནས་ནུབ་མོ་སླར་ཡང་རང་ཁྱིམ་ཟེར་བའི་ས་མིག་དེར་བགོ་དགོས་བྱུང་བའི་རྣམ་པ་དེས་ནི།

སྡེ་སྟོད་ཤར་ལོ་གཡུ་རྣ་ཅན།།
སྡེ་སྨད་སྨན་ལོ་དངུལ་རྣ་ཅན།། 
ནང་སྔ་དྲོ་མཉམ་འགྲོ་མཉམ་འདུག་རེད།།
དགོང་ཕྱི་དྲོ་མཉམ་རྩེ་མཉམ་དགོད་རེད།།
དེ་འགྲོ་སའི་ཕ་ཁྱིམ་ཁ་ཁ་རེད།།
ཞེ་དེ་བས་རྨོན་ཟིག་ཨེ་ཡོད་ཀི།

      ཞེས་པའི་དམངས་གླུ་འདི་སྲོག་དང་ལྡན་པར་བྱས་འདུག་པ་འདྲ།  ནུབ་མོ་དུས་ཚོད་བཅུ་གཉིས་ཡས་མས་སུ་ད་དུང་སྒྲོལ་མ་གཉིད་མི་འདུག  དེ་རིང་གི་འོད་ཟེར་གྱི་སྐད་ཆ་དང་རྣམ་པ་ཚང་མ་གོ་རིམ་མེད་པར་ཡིད་ལ་འཁོར་ཞིང་།  འོད་ཟེར་རང་ཉིད་ལ་དགའ་མྱོང་ཚུལ་གྱི་གཏམ་རྒྱུད་དེ་དག་དྲན་སྐབས།  ཁེར་རྐྱང་དུ་འཛུམ་ཆུང་རེའང་དབང་མེད་དུ་ཤོར། སྒྲོལ་མའི་སེམས་སུ་འོད་ཟེར་དྲན་བཞིན་པའི་སྒང་དེར་གློ་བུར་དུ་སུ་ཞིག་གིས་མོའི་གོང་བ་སྒུལ་བྱུང་། མོས་ནམ་རྒྱུན་ལྟར་ཁྲོ་ཉམས་དང་བཅས"ཅི་དགོས"ཞེས་བཤད་བཞིན།  གོང་བ་ཚུར་འཐེན།  མྱི་དེ་ནམ་རྒྱུན་ཁྱི་ཁ་རྡུང་བའི་གསར་བུ་དེ་དག་ལྟར"ཅི་དགོས"ཞེས་ཁྲོ་ཉམས་ཀྱིས་བཤད་མ་ཐག་བྲོས་མི་འགྲོ་བར"ཁ་མ་གྲགས"ཞེས་བཤད་བཞིན་ཚུར་གཅར་བྱུང་།  སྒྲོལ་མས"ངས་འབོད་རྒྱུ་ཡིན་གོ རྡོ་ཐར"ཞེས་སྐད་ཆུང་ངུས་བོས། སྒྲོལ་མའི་སེམས་སུ་མྱི་དེ་ཁ་ཕྱིར་འཁོར་མེད་པར་བྲོས་འགྲོ་བར་སྙམ་ཡང་།  མྱི་དེས"ང་རྡོ་ཐར་ཡིན། ང་ཁྱོད་ལ་བཤད་རྒྱུ་ཞིག་འདུག  མྱུར་དུ་ང་རུམ"ཞེས་བཤད་པས། སྒྲོལ་མ་ཧ་ལེ་ནས་རེ་ཞིག་ཁ་ཡང་གྲག་རྒྱུ་མེད་པར་གྱུར་པའི་གླགས་དང་བསྟུན་ནས་རྡོ་ཐར་སྒྲོལ་མའི་རུམ་ལ་འཛུལ་བྱུང་།  "སྒྲོལ་མས་ཁྱོ་སྨྱོས་པ་མིན་ནམ།  མྱུར་དུ་ཕྱིར་སོང་མ་གཏོགས་ངས་ཨ་མ་འབོད་རྒྱུ་ཡིན་གོ"ཞེས་བཤད་ཀྱང་།  རྡོ་ཐར་གྱིས་སྐྲག་ཉམས་ཅུང་ཟད་ཙམ་ཡང་མི་སྟོན་པར་མ་ཟད།  ཧ་ཅང་བྱང་ཆ་ཡོད་པའི་སྒོས།  སྒྲོལ་མའི་མཁྲེངས་ཤིང་ལྡུམ་པའི་མྱོས་བིམ་ལ་རེག་ཙམ་རེག་ཙམ་བྱེད་པ་དང་།  ཤིན་ཏུ་འཇམ་པའི་མཁུར་གོང་ལ་འོ་ཡང་དང་ཡང་དུ་བྱེད།  ཁྱི་ལྟོགས་གློ་བར་འཕྲད་པ་ལྟ་བུའི་ལྟོགས་རྔམ་ཞིག་གིས་སྡེ་བ་འདིའི་གསར་བུ་ཀུན་ཀྱི་རྨི་ལམ་དུ་གྱུར་པའི་སྒྲོལ་མའི་མོ་ལོ་ཉི་ཤུའི་ལང་ཚོ་ལ་རོལ།  དེ་ནས་ལག་པ་གཉིས་ཀྱིས་སྒྲོལ་མའི་ལུས་ལ་འཁྲིལ་ནས་སྒྲོལ་བ་འགུལ་ཡང་མི་ཐུབ་པ་བཟོས་སོང་།  སྒྲོལ་མས་ཨ་མ་ཞེས་བོས་ཀྱང་སྦྲ་ནང་ལྷིང་འཇགས་གེར་གྱུར་འདུག  ཆེས་ཆེར་སྨིན་པའི་མོ་ལོ་ཤི་ཤུའི་ལང་ཚོ་སར་བ་ཞིག་ན་ཚོད་ཡོལ་བའི་ཕོ་ལོ་བཞི་བཅུ་ཅན་ཞིག་གིས་འདོད་རྔམ་ཆེན་པོས་སྤྱོད་བཞིན་པ་མཐོང་བའི་ཟླ་བ་ནི་ཤིན་ཏུ་ཁ་སྐྱེངས་ཏེ་སྤྲིན་འོག་ཏུ་ཡིབས་ཤིང་། ཡང་སྐབས་རེར་སྦྲ་ནག་གི་བུ་ག་བརྟོལ་ནས་འཕྱ་སྨོད་ཀྱི་འཆིལ་ཞགས་སྒྲོལ་མའི་གོས་སྟེང་དུ་འཐེན་འདུག་་་་་་་་་་་ 

        འོད་ཟེར་གྱིས་རང་ཉིད་སྨན་ཁང་དུ་འགྲོ་སྐབས་རང་ཕ་བུ་གཉིས་ཀྱི་གླེན་ཚུགས་ལ་གཞན་གྱིས་མཐོང་ཆུང་དང་བརྙས་སྨོད་བྱས་པ་དང་།  ཁོ་ཕ་བུ་གཉིས་ཀྱིས་གྲོང་ཁྱེར་ནས་ཐ་ན་ཟ་མ་ཐེངས་གཅིག་བཟའ་དགོས་ཀྱང་འུ་ཐུག་ཐབས་ཟད་དུ་གྱུར་འགྲོ་བ་དྲན་ཚེ་ཅི་ཞིག་སྦྱང་འདོད་ཀྱི་འདུན་པ་བར་མེད་དུ་འཁོར་ཞིང་།  ལྷག་ཏུ་རང་ཉིད་ཀྱིས་ཉིན་དེར་དངོས་སུ་མྱོང་བའི་ཚེ་ཕྱི་མའི་འཇིགས་སྣང་དེ་དྲན་ཐེངས་རེ་རེར་སེམས་པ་སྐྲག་སྣང་གིས་ཁེངས་ནས་སྡོད་ཀྱང་མི་ཐུབ་པར་གྱུར།  མ་ཟད་ཚེ་ཕྱི་མའི་གཅོང་རོང་དེ་རྨི་ལམ་ལ་འཁོར་ཐེངས་རེ་རེར་ཁོའི་ཉིན་མོའི་ཟས་ཀྱང་ཆགས་འགྲོ།  དེ་བས་ཁོས"ང་རང་གྲྭ་པ་བྱེད་རྒྱུ་ཡིན"ཞེས་རང་གི་ཕ་མ་གཉིས་དང་སྒྲོལ་མ་སོགས་སྙིང་ཉེ་བ་དག་ལ་གྲོས་འགོ་བཏོན་པ་རེད།  ཡིན་ན་ཡང་ད་ནངས་སྔ་མོ་སྒྲོལ་མས་མིག་ཆུ་བཏོན་པའི་མི་འདོད་པའི་རྣམ་འགྱུར་དེས་སླར་ཡང་བཀྲོལ་ཐབས་དཀའ་བའི་འཆིང་ཐག་ཅིག་གིས་ཁོ་རང་གནས་འདིར་དམ་པོར་བཟུང་སོང་བའི་ཚོར་སྣང་བྱུང་། ཁོས་དེ་རིང་གི་སྒྲོལ་མའི་སྙིང་གཏམ་མངར་མོ་དེ་དག་ཞེ་ལ་དྲན་ཞིང་།  སྒྲོལ་མས་སྔོན་ཆད་མོ་རང་དགའ་མྱོང་ཚུལ་གླེང་བཞིན་རང་གི་གཞོགས་ནས་མིག་གཡས་བཙུམ་ཞིང་།  མིག་གཡོན་གྱིས་རང་གི་གདོང་ལ་ལྟ་བའི་རྣམ་འགྱུར་དེ་དྲན་ཚེ།ཁོའི་སེམས་ཁོང་ནས་གནོན་མི་ཐུབ་པའི་སྤྲོ་སྣང་ལྟ་བུ་ཞིག་འཕེལ་ཏེ།  རང་ཉིད་གཅིག་པུར་ཉལ་སའི་རྡང་སྣེ་ཡི་རས་གུར་ཆུང་ཆུང་དེ་ནས་གློ་བུར་དུ་མགོ་བོ་ཤེད་ཀྱིས་ཐེངས་གཅིག་བཏེགས་པ་ན།  ཁུ་སིམ་མེར་ལྡད་ལྡོད་པའི་ནོར་ཕྱུགས་འགའ་ཞིག་སྔངས་འདྲོགས་ཤིག་བྱས་ནས་རྡང་བསྐོར་སོང་།  སྒྲོལ་མ་དང་འོད་ཟེར་གཉིས་ཀྱིས་སོ་སོའི་ས་ནས་དེ་རིང་གནས་ཚུལ་ལ་ཕྱིར་དྲན་བྱེད་པ་དུས་གཅིག་ལ་ཁེལ་འདུག་ཅིང་།  སྒྲོལ་མའི་མནོ་བསམ་སུ་ཞིག་གིས་མོའི་གོང་བ་འཐེན་ནས་དཀྲོགས་ཤིང་།  འོད་ཟེར་གྱི་མནོ་བསམ་ནོར་ཕྱུགས་འདྲོགས་ནས་དཀྲོགས་སོང་།  སྒྲོལ་མའི་མིིག་ཟུང་ནས་མིག་ཆུ་ཤར་ཤར་དུ་བཞུར་ཞིང་།  འོད་ཟེར་དང་ལྷན་དུ་མི་ཚེ་སྐྱེལ་འདོད་ཀྱི་ཡུན་རིང་གི་འདུན་མའི་བྱེ་རི་དེ་ངང་གིས་ཞིག་ནས་སེམས་པ་གྲང་ཤུར་ཤུར་གྱི་དགུན་གཞུང་གི་ཙག་ངར་ལ་འདྲེས་པའི་དུས་དེར། འོད་ཟེར་གྱིས་ཟོག་ལྷས་ན་ཕུར་བ་རྡེབ་བཞིན།ཕུར་བ་འདི་རང་ཉིད་སྒྲོལ་མ་དང་གཉེན་སྟོན་བྱེད་པའི་དགོང་མོ་གསར་དུ་ཟོག་རྡང་འཐེན་ནས་ཕུར་བ་རྡེབ་བཞིན་པའི་རྨི་ལམ་ཞིག་ལ་འབྱམས་འདུག  

     ཕྱི་ཉིན་འོད་ཟེར་གྱིས་སྔར་རྒྱུན་ལྟར་རྡོ་ཐར་ཚང་གི་ཡར་ནང་གི་དེའུ་འབུར་དེའི་འགོ་ནས་རྐང་བསྣར་ལག་བསྣར་ངང་ཐོད་ཐོག་ལ་སྟོད་གོས་འཐེན་ནས་སྒྲོལ་མ་བསྒུགས།   དེ་རིང་སྒྲོོལ་མས་འུར་ཕྱེད་བ་ཟི་བེའུ་ཁྲ་དང་འུར་ཕྱེད་སོག་མོའི་སྒང་སླེ་བྱས་པའི་འུར་རྡོ་བཞི་ཆགས་བྱས་ནས་པང་ཁེབ་ཀྱི་ལོང་ཐག་ལ་དྲངས་ཤིང་།  མཛུབ་མོའི་མགོ་མེད་པའི་ལག་ཤུབས་སེར་ཁྲ་ཞིག་གྱོན་ཞིང་།  བཅུ་ཚར་དང་བཏོན་རྟགས་མང་བའི་གཡུ་ཕྲེང་བགྲང་གིན།  སྐེ་དཀྲིས་གློ་ཁ་ཕྲག་སྒང་དུ་གཟར་ནས་ཧ་ཅང་བབ་ཆགས་ཀྱིས་འགོས་འོང་རྒྱུ་མི་འདུག 


                            རྩོམ་སྒྲིག་པ། མྱི་གསར་བ།