སྐད་འཕྲིན་གྱི“སྡོམ་པ"ཤོར་བ།

    རྩོམ་པ་པོ། རིག་པའི་གད་རྒྱངས།

སྐད་འཕྲིན་གྱི“སྡོམ་པ"ཤོར་བ།
 
                          
 རིག་པའི་གད་རྒྱངས།


༼༡༽
ངས་ཐེངས་དང་པོར་སྐད་འཕྲིན་བེད་སྤྱོད་བྱེད་དུས་ང་རང་དམའ་འབྲིང་འགྲེམ་བཞིན་ཡོད། དང་ཐོག་ང་རང་དམའ་འབྲིང་ལོ་རིམ་དང་པོ་ཡིན་དུས་ང་ལ་ལག་ཐོགས་ཁ་པར་མེད་ལ། འཛིན་གྲྭའི་ནང་དུ་ལག་ཐོགས་ཁ་པར་ཡོད་མཁན་ཡང་སློབ་གྲོགས་རེ་ཟུང་ལས་མེད། ནམ་རྒྱུན་གཟའ་མཇུག་ཏུ་ང་ཚོས་སློབ་གྲྭའི་ཕྱི་ལོགས་ཀྱི་ཚོང་ཁང་དག་གི་ཁ་པར་བརྒྱུད་ནས་ནང་མི་ལ་འབྲེལ་བ་བྱེད་དགོས། ཁ་པར་རྒྱག་ཐེངས་གཅིག་ལ་ཉུང་མཐར་ཡང་སྒོར་མོ་གཅིག་རེ་ཚོང་ཁང་སྦྱིན་བདག་ལ་གླ་ཆར་སྟེར་དགོས་ལ་གལ་ཏེ་ཁ་པར་རྒྱག་ཡུན་རིང་ན་སྒོར་མོ་དེ་བས་མང་བ་སྦྱིན་དགོས། དེར་བརྟེན་དོན་དག་གལ་ཆེན་རེ་མེད་ན་གཟའ་འཁོར་གཅིག་ལ་ཐེངས་མ་གཅིག་ཙམ་མ་གཏོགས་ལ་ནང་མི་ལ་ཁ་པར་གཏོང་མི་ཐུབ།
  དེ་ནས་ཕལ་ཆེར་དམའ་འབྲིང་ལོ་རིམ་གཉིས་པ་ཙམ་ལ་ཨ་ཕས་ང་ལ་ལག་ཐོགས་ཁ་པར་ཞིག་ཉོས་བྱུང་། སྐབས་དེར་ངས་ཁ་པར་རྒྱག་ཤེས་པ་དང་ཉན་ཤེས་པ་ཙམ་ལས་སྐད་འཕྲིན་སོགས་རྒྱུས་མངའ་ཆེན་པོ་མེད་པས། ངས་ཨ་ཕའི་བཀའ་བཞིན་ཁ་པར་དེ་སྐུད་པ་ཕྲ་མོ་ཞིག་གིས་ལུང་བརྒྱུས་ནས་སྐེ་ལ་གྱོན་ཞིང་། ནམ་རྒྱུན་ནང་མིས་ཁ་པར་ཐོན་དུས་དང་ནང་མིར་ཁ་པར་གཏོང་དགོས་དུས་མ་གཏོགས་ཕྱི་ལ་མི་མངོན་པར་བྱས་ནས་ཉར་སྡད་པ་ཡིན། ང་དང་ཉལ་ཁང་གཅིག་པའི་སློབ་གྲོགས་ཁ་ཤས་ཀྱིས་ངས་ཁ་པར་བདག་ཚུལ་དེར་མཐོང་ནས“དེ་འདྲའི་རྒད་པོ་ལོ་ལོན་ཞིག་དང་འདྲ་བ་ལ་ཨང་"ཞེས་ཟུར་ཟའི་ཚུལ་གྱིས་སྨྲ་བར་བྱེད།
  དུས་ཡུན་གང་ཙམ་ཕྱིན་མིན་མ་ཤེས་པར། ངས་ཀྱང་སློབ་གྲོགས་རེ་ཟུང་གིས་མིག་ཁྲིད་འོག་སྐད་འཕྲིན་བེད་སྤྱོད་བྱེད་པའི་འགོ་བརྩམས་པ་ཡིན། ཉིན་དེ་ནི་བརྗེད་དཀའ་བ་ཞིག་ཡིན་ཏེ། གཟའ་མཇུག་ཞིག་ལ་ངས་ལྐོག་ལྐོག་སུད་སུད་ངང་ཁ་པར་གྱི་དྲྭ་སྒོ་ཕྱེས་ནས་“སྐད་འཕྲིན"གྱི་མཉེན་ཆས་དེ་ཕབ་ལེན་བྱས་པ་དང་སྐད་འཕྲིན་གསར་པ་ཞིག་ཐོ་འགོད་བྱས།(ཕབ་ལེན་བྱེད་སྟངས་དང་ཐོ་འགོད་བྱེད་སྟངས་ཚང་མ་ངས་ཉིན་འགའི་སྔོན་ནས་སློབ་གྲོགས་རེ་ཟུང་ལ་སྐད་ཆ་དྲིས་ཟིན)སྐད་འཕྲིན་གསར་པ་བེད་སྤྱོད་བྱས་ནས་ཆུ་ཚོད་གཅིག་ཙམ་རྗེས་སུ་ངའི་ཁ་པར་གྱི་འགྲོ་དངུལ་རྫོགས་འདུག ཁ་པར་འགྲོ་དངུལ་ཁ་སང་ཉིན་གསུམ་གྱི་སྔོན་ལ་ཨ་ཕས་བླུགས་ཡོད་ཟེར་བ་མ་ཡིན་ནམ། ངས་ཡ་མཚན་ཆེན་པོ་ཞིག་སྐྱེས་ཞོར་སྐད་འཕྲིན་རྒྱུས་མངའ་བྱེད་འདོད་ཀྱི་འདུན་པ་དྲགས་པོས་རྐྱེན་གྱིས་རང་གི་ལག་དངུལ་བརྒྱ་ཡོད་པའི་ཕྱེད་ཀ་སླར་ཡང་ཁ་པར་འགྲོ་དངུལ་ལ་མི་འཇོག་དཀའ་མེད་བྱུང་།  ཉིན་གང་པོར་སྐད་འཕྲིན་ལ་གཡེང་ནས་དགོང་མོར་སླེབས་དུས་ངའི་ཁ་པར་གྱི་འགྲོ་དངུལ་ཡང་བསྐྱར་རྫོགས་འདུག སྐད་འཕྲིན་བེད་སྤྱོད་བྱས་ན་སྒོར་མོ་མང་པོ་འདི་འདྲ་ཆུ་བཞུར་པ་ལྟར་བཞུར་འགྲོ་བར་ང་རང་ཧ་ལས་ནས་ལུས། དེ་མུར་ངས་ནམ་རྒྱུན་རང་དང་ཅུང་འཆམ་པའི་སློབ་གྲོགས་ཤིག་ལ་སྐད་ཆ་དྲིས་པར། ཁོས་ངའི་ཕྲག་པར་ལག་པས་རེག་ཙམ་བྱེད་ཞོར་གད་མོ་དབང་མེད་དུ་ཤོར་བའི་བཟོ་ལྟ་སྟོན་ནས“ངོ་མ་རྒད་པོ་ལོ་ལོན་ཞིག་དང་འདྲ། བཞུར་ཚད་མ་ཉོས་པར་དྲྭ་སྒོ་ཕྱེས་ན་སྒོར་མོ་ལོས་ཟད ཧ་ཧ་་་ལྐུགས་པ་ལ་་་"ཞེས་འཕྱ་དམོད་ཀྱི་ཚིག་ཞིག་སྨྲས་པར་ང་རང་ངོ་གདོང་དམར་རྐྱང་དུ་གྱུར་ནས་ཚ་ལམ་ལམ་བྱེད་པ་དང་སྙིང་གི་འཕར་ཚད་ཀྱང་ཇེ་མགྱོགས་སུ་གྱུར་ཏེ། རེ་ཞིག་སྨྲ་བ་མེད་པར་ལུས།
  དེ་ལྟར་གང་ཡང་མི་ཤེས་པར་ཨུ་ཚུགས་ཀྱིས་གཞན་གྱི་ཟུར་ཟ་དང་འཕྱ་དམོད་ཉོ་བཞིན་སྐད་འཕྲིན་རྩེ་འགོ་བརྩམས་པ་ནས་ད་བར་མི་ལོ་བདུན་བརྒྱད་ཙམ་ཕྱིན་ཚར་འདུག ལོ་ངོ་དེ་དག་ནང་ངས་སྐད་འཕྲིན་རྩེ་བའི་དུས་ཚོད་ཇེ་མང་ནས་ཇེ་མང་དང་། སྐད་འཕྲིན་ནང་གི་དྲྭ་གྲོགས་ཇེ་མང་ནས་ཇེ་མང་། སྐད་འཕྲིན་ཚོགས་པ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ནས། ད་ལྟ་ངའི་སྐད་འཕྲིན་ནི་གྲོང་འཁྱེར་ག་གེ་མོ་ཞིག་གི་གཙང་སེལ་བྱེད་མཁན་མེད་པའི་གསང་སྤྱོད་ནང་གི་སྐྱག་པ་བཞིན་འགགས་ནས་འདུག 
 

༼༢༽
ད་ལྟ་ང་ལ་མཚོན་ན་ཉིན་གཅིག་གི་འཚོ་བའི་ཆ་ཤས་གཙོ་བོ་ནི་སྐད་འཕྲིན་ལ་མགོ་འཁོར་བ་དེ་ཡིན། ཡང་གཅིག་བཤད་ན་དེང་སང་གི་མི་མང་ཆེ་བ་ཡང་དེ་འདྲ་ཡིན་ཚོད་འདུག དཔེར་ན་དྲྭ་གྲོགས་གཅིག་གིས་རྒྱབ་ཚང་ནང་དུ་པར་རིས་མཚར་པོ་ཞིག་གམ་སྐད་ཆ་སྙན་པོ་ཞིག་བསྐུར་ན་ཀུན་གྱིས་ཚངས་ཁ་ཤིག་ཤིག་ངང་སྙིང་རྟགས་སྟེར་བ་དང་ཞབས་མཆན་འགོད་པར་བྱེད། ང་ཡང་དེ་འདྲར་གོམས་ལོབས་སུ་གྱུར་ནས་ཚོད་འཛིན་མི་ཐུབ་པའི་ཚད་དུ་ལྷུང་འདུག་སྟེ། སློབ་ཁྲིད་ཀྱི་སྐབས་དང་། དཔེ་ཀློག་གི་གསེང་། ལམ་ལ་འགྲོ་དུས་དང་ཟ་མ་ཟ་དུས། ཐ་ན་གསང་སྤྱོད་སོང་དུས་ཀྱང་སྐད་འཕྲིན་ལ་རྩེ་བཞིན་འགྲོ་བར་བྱེད། ད་ནི་ཚོད་འཛིན་ཞིག་མ་བྱས་ན་སྐད་འཕྲིན་འདིས་ངའི་དུས་ཚོད་ཡོད་ཚད་བརླག་པར་འདུག ངས་དེ་ལྟར་བསམ་ཞོར་མགོ་བོ་སྔས་ལ་བཞག་ནས་གཉིད་གྲབས་བྱས་དུས། སླར་ཡང་འཕྲིན་ཐུང་ཞིག་འབྱོར་བྱུང་། འཕྲིན་ཐུང་བསྐུར་མཁན་ནི་ཁ་སང་ཚོགས་པ་ཞིག་ནང་སོ་སོས་ཕར་བསྣན་རུང་དང་ལེན་བྱེད་མཁན་མ་བྱུང་པའི་དྲྭ་གྲོགས་གསར་པ་ཞིག་ཡོད་པ་དེ་རེད། ཁོ་མོས་འཛུམ་མདངས་མཚོན་བྱེད་ཀྱི་རྣམ་འགྱུར་ཞིག་བསྐུར་འདུག དྲང་པོར་བཤད་ན་ངས་དྲྭ་གྲོགས་དེའི་སྐད་འཕྲིན་གྱི་མགོ་པར་དང་དྲྭ་མིང་ལ་བལྟས་ནས་ཕར་བསྣན་པ་ཡིན། དྲྭ་མིང་ལ“རྒྱ་སེ་མེ་ཏོག"ཟེར་ལ་མགོ་པར་ཡང་རྒྱ་སེ་མེ་ཏོག་དམར་པོ་ཞིག་བཞག་འདུག དེ་མུར་ངས་དྲྭ་གྲོགས་དེ་ནི་བུ་མོ་མེ་ཏོག་དང་འདྲ་བ་ཞིག་ཡིན་པ་ཐེ་ཚོམ་མེད་པར་སྙམ་བྱུང་། རེད་རེད། ཏག་ཏག་མོ་རེད། མོས་ང་ལ་དང་ལེན་བྱས་འདུག འཛུམ་མདངས་སྟོན་འདུག ད་ནི་ངས་ལན་ཇི་ལྟར་འདེབས་དགོས། ང་རང་ཏོག་ཙམ་ཞིག་ལུས་རྗེས་འདི་ལྟར་བསྐུར་བ་ཡིན།“དྲྭ་གྲོགས་རྒྱ་སེ་མེ་ཏོག་ལགས། ། སྐུ་ཁམས་བདེ་མོ་ཨེ་ཡིན་ལགས། །ངོ་སྤྲོད་ཞུས་ན་ཨེ་ཆོག་ལགས། །གྲོགས་སུ་སྒྲིག་ན་ཨེ་འགྲིག་ལགས། །"ཞེས་འཛུམ་མདངས་མཚོན་བྱེད་ཀྱི་རྣམ་འགྱུར་ཞིག་དང་ལྷན་དུ་བསྐུར་བར་ཁ་ཡ་བྱེད་མཁན་མ་བྱུང་། ངས་ཡུན་རིང་སྒུག་རུང་ཡིག་ལེན་མ་འབྱོར་བར་འཁང་ར་མཚོན་ཆེད་ངོ་མདོང་དམར་པོ་ཅན་གྱི་རྣམ་འགྱུར་ཅིག་བསྐུར་ནས་ཁ་པར་གྱི་སྒོ་མནན་པ་ཡིན། ཕྱི་ཉིན་གཉིད་ལས་སད་མ་ཐག་ངས་གོམས་ལོབས་ལྟར་ཁ་པར་གྱི་དྲྭ་སྒོ་ཕྱེས་ནས་སྐད་འཕྲིན་ནང་བལྟས་དུས“རྒྱ་སེ་མེ་ཏོག"གིས་ཡིག་ལེན་ཞིག་བསྐུར་འདུག དེ་མུར་ང་རང་ཡུན་རིང་ཞིག་ཧད་དེ་ལུས་སོང་།
 

༼༣༽
དེ་རིང་གཟའ་མཇུག་ཡིན་པས་ངས་སྔར་བཞིན་རང་གི་མལ་སའི་ནང་ཉལ་མ་ཙོག་སྡད་ནས་སྐད་འཕྲིན་རྩེ་བཞིན་ཡོད། “གླུ་གར་ཚོགས་པ"དང་“སྣང་སྐྱིད་གླིང་"ནང་ངས་ལ་གླུ་ཐན་ཐུན་རེ་ལེན་ཁུལ་བྱས་པར་དྲྭ་གྲོགས་ཀུན་གྱིས་ལེགས་པོ་ཡོད་པའི་བསྟོད་བསྔགས་མཚོན་བྱེད་ཀྱི་རྣམ་འགྱུར་དང་པར་རིས་མང་པོ་བསྐུར་བྱུང་ལ། ཁུག་དམར་སྟེར་མཁན་ཡང་རེ་ཟུང་བྱུང་བས་ང་རང་དེ་བས་ལ་གླུ་ལེན་པར་སྤོབས་པ་ཇེ་ཆེར་སྐྱེས། ཡང་ལོ་རྒྱུས་བགྲོ་གླེང་ཚོགས་པའི་ནང་དུ་དྲྭ་གྲོགས་ཤིག་གིས་གླང་དར་མས་བསྟན་པ་བསྣུབས་མིན་སྐོར་གྱི་དྲི་བ་ཞིག་བཏང་པར་གཞན་གྱིས་ཀྱང་སོ་སོའི་བསམ་ཚུལ་མང་པོ་གླེང་གིན་འདུག ངས་གླང་དར་གྱིས་བསྟན་པ་བསྣུབས་ལུགས་དང་ད་དུང་ཁོའི་མགོ་ལ་རྭ་ཅོ་ཡོད་ལུགས་སོགས་ཀྱི་སྐད་ཆ་མང་པོ་བཤད་པ་ཡིན། བཤད་ཚར་རྗེས་ད་སོ་མ་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དག་ལ་ཉན་དུས། རང་གིས་རང་ལ་དགོད་ཁ་ཞིག་ཀྱང་དབང་མེད་དུ་བསླངས་ཡོང་། དེང་སང་དེ་འདྲ་རེད། སྐད་འཕྲིན་དར་བ་ནས་བཟུང་བོད་ལ“མཁས"པ་མང་དུ་ཕྱིན་སོང་། རྒྱུ་མཚན་ནི་ཤེས་མ་ཤེས་པ་ཚང་མས་དྲྭ་ཐོག་ནས་རང་ཉིད་ལས་ཆེ་བའི་བརྗོད་བྱ་ཞིག་ལ་འཐམས་ནས་ཨུ་ཚུགས་ཀྱིས་རང་ཉིད་མཁས་པ་ཡིན་པར་སྒྲུབ་ཀྱིན་ཡོད། དྲང་པོར་བཤད་ན་ང་རང་དེ་འདྲར་མི་འཐད་ཀྱང་ཁོར་ཡུག་དང་དུས་རབས་ཀྱིས་ངའི་གོམ་ཁ་རྦད་དེ་བསྒྱུར་སོང་། འདི་ལྟར་དུས་རབས་ཤིག་གི་ཀྱོག་མཚམས་ནས་ངས་རང་ཉིད་བོར་བཞིན་པ་མིག་མཐོང་རྣ་ཐོས་བྱུང་ཡང་རེ་ཞིག་ཞར་བ་དང་འོན་པའི་རྣམ་ཐར་བསྐྱོངས་དགོས་བྱུང་།
 གྲོགས་པོས་ང་རང་ལྟོ་ཟ་བར་སྐད་བཏང་དུས་ཉིན་གུང་ལ་སླེབས་འདུག སྐབས་དེར་ངས་ཞོགས་ཇ་ཡང་མ་འཐུང་པར་སྐད་འཕྲིན་ལ་མགོ་འཁོར་སོང་བ་ཚོར། ངས་མལ་ལས་ལངས་ཏེ་ཉལ་ཁང་གྱང་ལྡེབས་ཀྱི་ཤེལ་སྒོའི་མདུན་དུ་བཅར་དུས། རང་ཉིད་ཀྱི་འདྲ་གཟུགས་ཤེལ་སྒོའི་ནང་ནས་ཕྱིར་མངོན་བྱུང་། དེ་ནས་ངས་ཤེལ་སྒོའི་ནང་གི་འདྲ་གཟུགས་ལ་མཛུབ་མོ་བཙུགས་ཏེ་སོ་སོར་ངོ་གནག་ནས་སྡིགས་མོ་བྱེད་པའི་ཚུལ་སྟོན་བཞིན། ཉིན་གང་སྐད་འཕྲིན་ལ་མགོ་གཡེང་ནས་དུས་ཚོད་བརླག་པར་འཁང་ར་བྱས། ཤེལ་སྒོའི་ནང་གི་འདྲ་གཟུགས་ཀྱིས་ཀྱང་ངོ་ནག་ནག་བྱས་ནས་ང་ལ་ཚུར་ཅེར་འདུག ངས་ཤེལ་སྒོའི་ནང་གི་འདྲ་གཟུགས་ལ་ཁུ་ཚུར་རྒྱག་གྲབས་བྱས་དུས་ཉལ་གྲོགས་རྒྱ་མི་དེས་གད་མོ་རྣ་བར་གཟན་པ་ཞིག་དགོད་བཞིན་ང་ལ་ཅེར་འདུག་པས། ང་རང་དོགས་མི་བདེ་བའི་སྣང་བ་དང་བཅས་ཏེ་ཕྱི་ལ་ཕྱིན།
 དྲོ་ལྟོ་ཟ་བཞིན་པའི་སྐབས་སུ་ངའི་ཁ་པར་ནས་འཕྲིན་གསར་འབྱོར་བའི་སྒྲ་གྲགས་པས་ངས་ཡང་བསྐྱར་ཅི་ཡང་མི་སྙམ་པར་ཁ་པར་ལ་བལྟས་པར། “རྒྱ་སེ་མེ་ཏོག"གིས་འཕྲིན་ཐུང་ཞིག་བསྐུར་འདུག དེ་རིང་གི་འཕྲིན་ཐུང་ནི་ཁ་སང་གི་འཕྲིན་ཐུང་ནང་དོན་སྟེང་དུ་ཡིག་འབྲུ་ཁ་ཤས་སྣོན་འབྲི་བྱས་འདུག་ལ། ད་དུང་པར་རིས་ཁ་ཤས་ཀྱང་བསྐུར་འདུག ང་རང་སླར་ཡང་ཧད་དེ་ལུས་དགོས་བྱུང་སོང་།
 
      

༼༤༽
ང་ནི་སླར་ཡང་སྐད་འཕྲིན་ལ་མགོ་འཁོར་ནས་འདུག ངས་སོ་སོར་ནད་ཅིག་བྱུང་བར་མིན་ནམ་སྙམ་བྱུང་། ཡང་གཅིག་བཤད་ན་ངའི་ཉེ་འཁོར་གྱི་མི་ཚང་མར་ནད་ཅིག་བྱུང་བར་མིན་ནམ་སྙམ་བྱུང་། རེད། ང་ཚོ་ཚང་མར་ཁ་པར་དང་ཁ་བྲལ་མི་རུང་བའི་ནད་ཅིག་བྱུང་འདུག ངས་དེ་ལྟར་སྡོམ་ཚིག་བཀོད་པ་ཡིན། ནད་དེ་ནི་ཚད་གཞི་ངེས་ཅན་ཞིག་སླེབས་རུང་སྨན་ཁང་ནས་མྱུར་སྐྱོབ་མི་ཐུབ་པར། ཕར་བལྟས་ཚོད་ཀྱིས་མངོན་རྒྱུ་མེད་པའི་ནད་ཡམས་ཚབས་ཆེན་ཞིག་ཡིན་པར་འདུག ངས་སོ་སོར་ནད་བརྟག་གསལ་པོར་ཆོད་རྗེས། གཟའ་འཁོར་གཅིག་ལ་སྐད་འཕྲིན་སྒོ་མི་ཕྱེ་བར་དུས་ཚོད་དམ་འཛིན་གྱིས་དཔེ་ཆ་བཀླག་རྒྱུའི་དམ་བཅས་པ་ཡིན། དེ་རིང་གི་དམ་བཅའ་འདི་ནི་ཆུང་དུས་ནོར་འཁྲུལ་ཤོར་རྗེས་དགེ་རྒན་མདུན་དུ་རྗེས་ཕྱོགས་ནོར་འཁྲུལ་མི་ཤོར་བར་བྱེད་པའི་དམ་བཅའ་བ་དང་མི་འདྲ་བར་གྲྭ་བ་ཚོས་སྡོམ་པ་སྲུང་ཚུལ་དང་ཅུང་འདྲ་བར་སྙམ་ནས། རྒྱུ་མཚན་མེད་པར་སློབ་གྲོགས་ཚོའི་མདུན་དུ་ངས“སྡོམ་པ"སྲུང་ཡོད་ཅེས་བསྒྲགས་གང་ཐུབ་བྱས་པ་ཡིན། 
 ཉིན་དང་པོར་ངས་དམ་བཅའ་བརྟན་པོ་སེམས་ལ་བཟུང་ནས་སློབ་ཁྲིད་ལ་དུས་ལྟར་ཞུགས་ཤིང་དཔེ་ཆ་ཡང་ནན་གྱིས་བཀླགས་པ་ཡིན། དགོང་མོ་ཉལ་ཁྲིའི་ཐོག་ཏུ་ཉལ་ནས་གཉིད་ལ་ཞུགས་ཁར་ངས་གོམས་ལོབས་ལྟར་ཁ་པར་གྱི་དྲྭ་སྒོ་ཕྱེ་མཚམས་སུ་སླར་ཡང་དམ་བཅའ་སེམས་ལ་དྲན་ཏེ། ཁ་པར་སྔས་མགོར་བསྐྱུར་ནས་གཉིད་ལ་ཡུར་ཐབས་བྱས། དུས་ཡུན་གང་མཚམས་ཞིག་ཕྱིན་རུང་ངའི་མིག་ནང་ལ་གཉིད་རྩ་བ་ནས་མི་ཡོང་བར་དེ་བས་རིག་པ་ཇེ་གསལ་དུ་གྱུར་བའི་སྣང་བ་བྱུང་། གཉིད་མ་ཁུག་པར་ལུས་པའི་སྐབས་དེར་ངའི་ཀླད་པའི་ནང་དུ་དྲྭ་གྲོགས“རྒྱ་སེ་མེ་ཏོག"ཟེར་བ་དེ་འཁོར་བྱུང་། ཁོ་མོས་བསྐུར་བའི་ཡི་གེ་དང་པར་རིས་དག་དྲན་བྱུང་། ཁོ་མོ་ནི་མི་དེ་འདྲ་ཞིག་ཡིན་ཚོད་མི་འདུག་བསམ་བྱུང་། ཁོ་མོའི་དྲྭ་མིང་ལ་བརྟག་ན་མ་མཐའ་ཡང་ཡི་གེ་དང་པར་རིས་དེ་འདྲ་བསྐུར་མི་སྲིད་པ་འདྲ། ཡང་མིན་ན་དྲྭ་མིང་དེའི་རྒྱབ་ལོགས་སུ་མིང་དང་མི་མཚུངས་པའི་མི་ཞིག་གབ་ཡོད་ཀྱང་སྲིད། ང་རང་སོམ་ཉི་དང་འདང་རྒྱག་གི་རྒྱ་རུ་ཚུད་སོང་། ངོ་མ་དྲྭ་ཐོག་གི་མི་ལ་ཡིད་རྟོན་མི་རུང་བ་ཟེར་བ་དེ་ཅི་འདྲའི་བདེན་ཨང་སྙམ། དྲྭ་ཐོག་ཏུ་ངོ་གདོང་མི་མངོན་པར་གཞན་ལ་མགོ་བསྐོར་གཏོང་མཁན་དང་མི་གཙང་བའི་ལས་ཀ་བྱེད་མཁན་དག་ལ་སྡང་སེམས་དྲགས་པོ་ཤིག་སྐྱེས་ཞོར། ངས་དེ་མུར་ཁ་པར་དྲྭ་སྒོ་ཕྱེས་ནས“རྒྱ་སེ་མེ་ཏོག"ཟེར་བ་དེ་གཏུག་བཤེར་བྱེད་དགོས་སྙམ་དུས། ཁོ་མོས་བསྐུར་བའི་པར་རིས་དག་ཡིད་ལ་འཁོར་ནས་རེ་ཞིག་ཡང་བསྐྱར་ཅི་བྱེད་འདི་བྱེད་མེད་པར་ཧད་དེ་ལུས། ངས་ཀྱང་པར་རིས་འདི་དག་མཐོང་རྗེས་རང་ཉིད་རེ་ཞིག་ཧད་དེ་ལུས་འགྲོ་བར་མི་ཤེས་ལ། དུས་ཡུན་གང་ཙམ་ཞིག་ཧད་དེ་ལུས་འགྲོ་བ་ཡང་མི་ཤེས། དེ་ལྟར་ལུས་འགྲོ་ཐེངས་རེར་སེམས་ལ་ཅི་ཞིག་དྲན་མིན་ཡང་གསལ་པོར་བརྗོད་རྒྱུ་མེད། གང་ལྟར་དེ་ནི་མིའི་རིགས་ལ་ཐུན་མོང་དུ་ཡོད་པའི་སྤྱི་གཤིས་ཤིག་གམ་མིའི་རིགས་ཀྱི་རང་གཤིས་དམར་རྗེན་བ་ཞིག་ཡིན་པར་འདུག ངས་དེ་ལྟར་སོ་སོས་སོ་སོར་སེམས་གསོ་བྱེད་པ་ལྟ་བུའི་སྡོམ་ཚིག་ཅིག་བཀོད། ཡང་གཅིག་བཤད་ན་དེ་ནི་ངས་ཁ་གཡོར་ས་ཞིག་བཙལ་བ་ཡང་ཡིན་ངེས།
ངས་སླར་ཡང་“སྡོམ་པ"སྲུང་དགོས་པ་དྲན་བྱུང་།
ཁ་པར་བལྟ་མི་རུང་བ་དྲན་བྱུང་།
སྐད་འཕྲིན་རྩེ་མི་རུང་བ་དྲན་བྱུང་།
 

༼༥༽
དེ་རིང་ནི་ངས་སྐད་འཕྲིན་མི་བལྟ་བར“སྡོམ་པ"སྲུང་ཁུལ་བྱས་པའི་ཉིན་གཉིས་པ་ཡིན།   
 མ་གཞི་དེང་སང་གི་གྲྭ་པ་མང་པོས་སྡོམ་པ་སྲུང་སྟངས་ལ་བལྟས་ན་ངའི“སྡོམ་པ"སྲུང་སྟངས་འདི་ཡང་ཧ་ལས་རྒྱུ་མི་འདུག་སྟེ། དེང་སང་གྲྭ་བ་མང་པོས་ཉིན་དཀར་ངུར་སྨྲིག་གི་ཆོས་གོས་གསོལ་ནས་གྲོང་བསྐོར་ཕེབས་པ་དང་དགོང་མོ་ཚུལ་མིན་གྱི་སྐྱ་ཆས་སྤྲས་ནས་རྒྱ་གྲོང་འགྲེམ་བཞིན་པར་བལྟས་ན། ངས་ཀྱང་ཉིན་དཀར་ཚུལ་འཆོས་ཀྱིས་དཔེ་དེབ་ལག་ཏུ་འཛིན་ཏེ་སློབ་ཁྲིད་ལ་བསྐྱོད་མོད་དགོང་མོར་ཉལ་སའི་སྦུག་ནས་སྐད་འཕྲིན་རྩེ་ཞོར“རྒྱ་སེ་མེ་ཏོག"ལ་འབྲེལ་བ་བྱས་ཀྱང་མི་ཆོག་རྒྱུ་ཅི་ལ་ཡོད། ངས་ཡང་བསྐྱར་ཁ་གཡོར་ས་ཡག་པོ་ཞིག་རྙེད་པས་སོ་སོས་སོ་སོར་རྟེན་འབྲེལ་ཞུ་བའི་ཁུལ་གྱིས་ཁ་བཏགས་ཤིག་འཐེན་རུང་མི་ཆོག་རྒྱུ་མེད་པར་སྙམ།
  ཉིན་གུང་མཚམས་ལ་ཐོན་དུས་ངའི་ཉེ་སྐོར་གྱི་མི་ཚང་མས་སྐད་འཕྲིན་ནང་གི“གསར་འགྱུར"མང་པོ་གླེང་བཞིན་འདུག་སྟེ།
“དགེ་རྒན་ཆེན་མོ་ནོར་བྷ་ལགས་དེ་རིང་པེ་ཅིན་ལ་ཕེབས་པ་འདྲ། ཁོང་གིས་སྐད་འཕྲིན་རྒྱབ་ཚང་ནང་པེ་ཅིན་སློབ་ཆེན་གྱི་པར་རིས་མང་པོ་བསྐུར་འདུག་་་་་"
“སློབ་གྲོགས་བསྟན་འཛིན་དེ་རིང་སྨན་ཁང་ནང་ཡོད་པ་འདྲ། ད་ནངས་སྨན་ཁབ་རྒྱག་བཞིན་པའི་བརྙན་ཐུང་འགའ་བསྐུར་འདུག་་་་"
“སྙན་ངག་པ་གཡུ་སྲས་ཀྱིས་སྙན་ངག་གསར་པ་ཞིག་བྲིས་འདུག་་་"
“མཁས་དབང་་་་མཛད་འཕྲིན་་་་་"
“་་་་་་"
དེ་ལྟར་ལབ་གླེང་སྣ་ཚོགས་ཐོས་ཡོང་དུས་ང་རང་གློ་བུར་དུ་རང་ཉིད་རྗེས་ལུས་ཐེབས་འདུག་པའི་སྣང་བ་ཞིག་འགོག་མེད་དུ་ཤར། མ་གཞི་དགེ་རྒན་ཆེན་མོ་གང་དུ་ཕེབས་མིན་དང་སློབ་གྲོགས་སུ་ཞིག་སྨན་ཁང་ལུས་མིན་ང་དང་འབྲེལ་བ་ཆེན་པོ་མེད་རུང་། སྙན་ངག་པ་གང་ཞིག་གིས་སྙན་ངག་གསར་པ་གང་བྲིས་མིན་དང་མཁས་དབང་སུ་ཞིག་གིས་མཛད་འཕྲིན་གང་སྤེལ་མིན་ང་དང་འབྲེལ་བ་ཅུང་ཙམ་ཡོད་དེ། ནམ་རྒྱུན་སྐད་འཕྲིན་རྩེ་དུས་འཕྲིན་སྟེགས་འདྲ་མིན་ཐོག་ཏུ་བཀོད་པའི་བོད་ཀྱི་རྩོམ་པ་པོ་དག་གི་ལེགས་རྩོམ་དང་བོད་ཕྱི་ནང་གི་གསར་འགྱུར་ཙག་ཙིག་རེ་བལྟ་ཀློག་བྱ་རྒྱུ་ནི་ངའི་དགའ་ཕྱོགས་ཤིག་ཡིན། འོན་ཀྱང་ང་རང་ཆེས་སུན་ཤོས་ཤིག་ཡོད་པ་ནི་དྲྭ་ཐོག་གི་རྩོད་ཉོག་དེ་དག་ཡིན། དེ་རིང་སུ་ཞིག་གིས་སྐད་ཆ་ཚིག་གཅིག་ལ་སང་ཉིན་གཞན་ཞིག་གིས་དགག་རྒྱག་ཚིག་གཉིས་དང་གནངས་ཉིན་ཡང་དགག་ལན་ཚིག་གསུམ་འབྲི་རེས་བྱེད་པ་དང་། ད་དུང་དེའི་ཉེ་སྐོར་ནས་འུར་རྒྱག་རྒྱུར་དགའ་བའི་དྲྭ་འབུ་འགའ་རེས་ཕྱོགས་ཞེན་གྱི་གཏམ་མམ་དོན་མེད་ཀྱི་ཉོག་གཏམ་ཀྱང་བྲིས་ནས་བོད་ཡུལ་ཡོངས་ལ་མི་མཐུན་པའི་ས་བོན་འདེབས་པར་བྱེད། ང་ནི་དོན་ངོ་མར་མི་དེ་དག་ལ་སུན། གནས་ལུགས་མེད་པའི་རྩོད་ཉོག་ལ་སུན། ཕྱི་འཇམ་ནང་རྩུབ་ཀྱི་མི་དེ་དག་ལ་སུན། ངས་དོན་མེད་ཀྱི་རྩོད་ཉོག་དེ་དག་ལ་མི་བལྟ་བའི་དམ་བཅས་པ་ཡིན། དེ་ནི་སྔོན་གྱི་སྐད་འཕྲིན་མི་བལྟ་བར་དམ་བཅས་པ་དང་གཏན་ནས་འདྲ་ཐབས་མེད་པའི་དམ་བཅའ་ངོ་མ་ཞིག་ཡིན།
 

༦༽
ངའི་“སྡོམ་པ"རྨང་ནས་ཤོར་སོང་།   ངས་ཉལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་སྡད་དུས་ཅི་དྲན་འདི་དྲན་མེད་པར་“སྡོམ་པ"ཤོར་འདུག ངའི་“སྡོམ་པ"ཤོར་སྟངས་ནི་གྲྭ་པ་ཚོའི་“སྡོམ་པ"ཤོར་སྟངས་དང་གཏན་ནས་མི་འདྲ་སྟེ། གྲྭ་བ་ཚོས་སྡོམ་པ་ཤོར་དུས་སེམས་ལ་འཇིགས་སྐྲག་དང་གནོང་འགྱོད་སོགས་སེམས་ཚོར་མང་པོ་ཡོང་སྲིད་མོད། ངས་“སྡོམ་པ"ཤོར་དུས་སེམས་སུ་གང་ཡང་མ་དྲན་པར་གོམས་ལོབས་ལྟར་ཁ་པར་གྱི་དྲྭ་སྒོ་ཕྱེས་ཏེ་སྐད་འཕྲིན་ལ་གཡེང་འདུག ངས་ཡང་བསྐྱར་སོ་སོ་ལ་རྟེན་འབྲེལ་ཞུ་འདོད་དེ་“སྡོམ་པ"རྨང་ནས་ཤོར་རུང་སེམས་འཚབ་གཏན་ནས་མེད་པར་རྒྱ་སེ་མེ་ཏོག་རྐང་གཅིག་འབུལ་ན་འདོད། 
   ཉིན་གཉིས་ལ་དྲྭ་སྒོ་ཕྱེ་མ་མྱོང་བས་ད་ལྟ་ངའི་སྐད་འཕྲིན་ནི་སླར་ཡང་གྲོང་འཁྱེར་ག་གེ་མོའི་གསང་སྤྱོད་ནང་གི་སྐྱག་པ་བཞིན་འགགས་འདུག ངས་སྐད་འཕྲིན་ནང་གི་འཕྲིན་གསར་ཡོངས་རྫོགས་མིག་བཤེར་བྱེད་ཞོར་ལྡེམ་མྱུར་ལྡན་པའི་མཐེ་བོང་གིས་ཆ་འཕྲིན་ཉག་ཉོག་ཚང་མ་སྲུབ་བཞིན་སྡད། དེ་ནས་གོ་རིམ་བཞིན་བལྟས་སོང་དུས་མཚམས་ཞིག་ནས་ཡང་བསྐྱར“རྒྱ་སེའི་མེ་ཏོག"གིས་བསྐུར་བའི་པར་རིས་དག་དང་འཕྲད། “རྒྱ་སེ་མེ་ཏོག"གིས་ཡང་བསྐྱར་པར་རིས་གསར་པ་འདྲ་མིན་མང་པོ་བསྐུར་འདུག་ལ“ཚོང་རྫས་གསར་པ"ཡིན་ཟེར་ནས་བསླུ་བྲིད་ཀྱི་ཡི་གེ་ཡང་མང་པོ་བསྐུར་འདུག ངས་“རྒྱ་སེ་མེ་ཏོག"གིས་བསྐུར་བའི་པར་རིས་དང་ཡི་གེ་ལ་ལེན་སློག་མ་མྱོང་ལ་མཐེ་བོང་གིས་ཤུགས་ཀྱིས་མནན་ཏེ་བསྲུབ་ཀྱང་མ་མྱོང་བར་བསྐྱུར་བཞག་པ་ཡིན། 
  དྲང་པོར་བཤད་ན་“རྒྱ་སེ་མེ་ཏོག"ཟེར་བ་དེ་ནི་དྲྭ་ཐོག་ལ་འདོད་བརྙན་ཚོང་མཁན་དེ་འདྲ་རེད་འདུག དེ་སྔོན་ངས་དེ་འདྲ་ཡོད་པ་གོ་ཐོས་བྱུང་མྱོང་བ་མ་གཏོགས་དངོས་སུ་འཕྲད་མ་མྱོང་།“རྒྱ་སེ་མེ་ཏོག"ཟེར་བ་འདིས་ང་ལ་སྔ་ཕྱིར་འདོད་བརྙན་གྱི་པར་རིས་མང་པོ་བསྐུར་ཡོང་ནས་བསླུ་བྲིད་བྱེད་བཞིན་འདུག་མོད་ངས་ཡིག་ལེན་སློག་མ་མྱོང་ལ་སྒོར་མོ་སྤྲད་ནས་འདོད་བརྙན་དེ་བས་ཀྱང་ཉོ་མ་མྱོང་། འོན་ཀྱང་ངས་དྲྭ་གྲོགས་དེ་མི་སྲུབ་པ་ནི་སོ་སོས་ཀྱང་འབྲེལ་བཤད་བྱེད་མ་ཐུབ་པར་ལུས་ཡོད། “རྒྱ་སེ་མེ་ཏོག"བསྲུབ་རུང་མིན་དང་ཡང་ན་འབྲེལ་བ་བྱེད་རུང་མིན་ལ་བསམ་བློ་བསྐོར་དུས་ང་ཡང་གྲྭ་བ་ཚོས་སྡོམ་པ་ཤོར་དུས་ཀྱི་སེམས་འཚབ་ལྟ་བུ་ཞིག་ལངས་ཀྱིན་འདུག་པས། ཐེངས་འདིར་ངས་ཁ་གཡོར་ས་དང་སེམས་གསོ་བྱེད་ཆེད་མ་རྙེད་ལ། སོ་སོས་སོ་སོར་རྟེན་འབྲེལ་མཚོན་བྱེད་ཀྱི་ཁ་བཏགས་དང་རྒྱ་སེ་མེ་ཏོག་འབུལ་དགོས་པའི་ངེས་པ་ཡང་མ་རྙེད། དེ་ལས་ལྡོག་སྟེ་སྐད་འཕྲིན་གྱི་མིང་དུ“སྡོམ་ཤོར་བ"ཞེས་བཅོས་པ་ཡིན།
     
                              ནུབ་བྱང་མི་རིགས་སློབ་ཆེན་ནས།
                                  ༢༠༡༨ལོའི་ཟླ༦ཚེས༡༧ཉིན་རྫོགས་པར་བྲིས།

                                        རྩོམ་སྒྲིག་པ། མྱི་གསར་བ།